འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེ་ལོན་ཕིང་རྫོང་གིས་གྲོང་ཚོར་ཏང་སྲོལ་ལྟ་སྐུལ་ས་ཚིགས་བཙུགས་ཏེ“རུལ་སུངས་ཙག་
    ཙིག”མི་ཐོན་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་22ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
             མི་དམངས་དྲ་བའི་འཕྲིན། ཧོ་པེ་ལོན་ཕིང་རྫོང་གིས་གྲོང་ཚོ་ཁག་ཏུ་ཏང་སྲོལ་ལྟ་སྐུལ་ས་ཚིགས་བཙུགས་ཏེ་ཐག་ཉེ་ས་ནས་ཏང་ཡོན་ལས་བྱེད་པའི་སྲིད་གཙང་གནད་དོན་ལ་ལྟ་སྐུལ་བྱེད་ཀྱི་ཡོད་ལ། རྫོང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་དང་སྡེ་ཁུལ་200ལྷག་ཙམ་ལ་ས་ཚིགས་བཙུགས་ཡོད། འདི་ལོ་གཞི་རིམ་དུ“རུལ་སུངས་ཙག་ཙིག”བཅོས་སྒྲིག་བྱེད་རིང་ཏང་སྲོལ་ལྟ་སྐུལ་ས་ཚིགས་ཀྱིས་ཆེད་དོན་མ་དངུལ་དུས་ཐོག་ཏུ་མ་སྤྲད་པ་དང་སྒྲིག་འགལ་ངང་མ་མཐའི་འཚོ་བའི་འགན་ལེན་གྱི་དངུལ་ལྐོག་ཟ་བྱས་པ་སོགས་ཀྱི་གནད་དོན་མང་པོ་ཞིག་ཤེས་རྟོགས་ཐུབ་ནས་ད་ཆ་མང་ཆེ་བ་དག་ཐེར་བྱུང་ཡོད།
           ཏང་སྲོལ་ལྟ་སྐུལ་ས་ཚིགས་སུ་གྲོང་ཚོའི་ཏང་ཀྲི་པུའི་སྒྲིག་བཤེར་ཨུ་ཡོན་གྱིས་ཏང་སྲོལ་ལྟ་སྐུལ་ས་ཚིགས་ཀྱི་ཀྲན་ཀྲང་གི་འགན་འཁུར་བ་དང་། གྲོང་ཚོར་སྡོད་པའི་གྲོང་ཚོའི་ལས་བྲལ་ལས་བྱེད་པ་དང་། ལས་འཁྱུར་ངལ་གསོ་རྒྱག་མཁན་ཏང་ཡོན་ལས་བྱེད་པ། མང་ཚོགས་ཀྱི་འཐུས་མི་བཅས་ཀྱི་ཁྲོད་ནས་སྤྱོད་ཚུལ་ལེགས་པ་དང་ལྟ་སྐུལ་བྱེད་ཕོད་པའི་མི་6བདམས་ཏེ་ཀྲན་ཀྲང་གཞོན་པ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་པ། ཏང་ཕྱིའི་ལྟ་སྐུལ་པ་བཅས་ཀྱི་འགན་འཁུར་དུ་བཅུག་ཡོད། ལྟ་སྐུལ་ས་ཚིགས་ཀྱིས་གྲོང་ཚོའི་མཉམ་སྡེབ་ཀྱི་ཇུས་ཐག་གཅོད་པའི་ལས་ཀ་དང་། གྲོང་དོན་ཡོངས་བསྒྲགས། མ་དངུལ་བེད་སྤྱོད། རྣམ་གྲངས་ཀྱི་མ་དངུལ་དོན་འཁྱོལ་སོགས་ལ་ལྟ་སྐུལ་བྱེད་པ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིའི་འགན་འཁྲི་སྒྲུབ་ཚུལ་དང་སྒེར་གྱི་འཚོ་བ་སོགས་ལ་ལྟ་སྐུལ་བྱེད་ཀྱི་ཡོད། ཤང་གྲོང་སྒྲིག་ཨུད་ཀྱི་ཧྲུའུ་ཅིས་སྲིད་གཙང་མཛུབ་ཁྲིད་པ་དང་ཤང་གྲོང་འགན་གཙང་ལེན་མཁན་གྱི་ལས་བྱེད་པས་ལྟ་སྐུལ་པའི་འགན་ཁུར་ཏེ་ཤང་གྲོང་སྒྲིག་ཨུད་ལ་གཞོགས་འདེགས་བྱས་ནས་བསམ་འཆར་བཏོན་པའི་གནད་དོན་ལ་བརྟག་ཞིབ་ཞིབ་དཔྱད་དང་། མཐུན་སྦྱོར་ཐག་གཅོད། ཐག་གཅོད་བྱས་འབྲས་བརྡ་ལན་སྤྲོད་པ་བཅས་བྱེད་ཀྱི་ཡོད།
           ཏང་སྲོལ་ལྟ་སྐུལ་ས་ཚིགས་ཀྱིས“ལྟ་སྐུལ་དྲ་རྒྱ”ཚགས་ཚུད་ཡོང་བ་བྱས་པ། གཞི་རིམ་དུ“རུལ་སུངས་ཙག་ཙིག”གི་ཆེད་དོན་བཅོས་སྒྲིག་རང་བཤེར་རང་བཅོས་བྱེད་པའི་དུས་མཚམས་སུ་ཅིང་ཀུའོ་ཐོན་གྲོང་རྡལ་ཝ་ཧྥང་གྲོང་ཚོའི་ཏང་སྲོལ་ལྟ་སྐུལ་ས་ཚིགས་ཀྱི་ཀྲན་ཀྲང་ཉིའུ་ཅི་ཧྥེན་གྱིས་གྲོང་རྡལ་སྒྲིག་ཨུད་ལ“ང་ཚོའི་གྲོང་ཚོའི་ལས་བྱེད་པས་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་ལེན་གྱི་འདུག”ཅེས་གྲོང་ཚོ་དེའི་ཧྲུའུ་ཅི་དང་རྩིས་པས་སྒྲིག་འགལ་ངང་ཕོགས་སྣོན་དང་ཁ་གསབ་བླངས་པའི་གནས་ཚུལ་སྙན་སེང་ཞུས། དེ་རྗེས་གྲོང་ཚོའི་ལས་བྱེད་པས་རང་འགུལ་གྱིས་སྒྲིག་འགལ་ངང་བླངས་པའི་ཕོགས་སྣོན་དང་ཁ་གསབ་གྲོང་རྡལ་སྒྲིག་ཨུད་ལ་རྩིས་འབུལ་ཞུས་པ་རེད།
           ཏང་སྲོལ་ལྟ་སྐུལ་ས་ཚིགས་ཀྱིས“ཉེན་ཟོན་དྲིལ་བརྡ”བསྒྲགས་པ། “ཏང་ཡོན་གྱིས་ཕྲུ་གུ་ཟླ་མགོ་ཚང་བའི་རྟེན་འབྲེལ་བྱེད་མི་ཆོག་པ་ཐོས་བྱུང་། ངས་ལག་རྟགས་མ་བླངས་པར་རྟེན་འབྲེལ་བྱས་ནའང་མི་འགྲིག་གམ”ཞེས་ཉེ་ཆར་ལན་ཅན་ཧྥང་ཤང་ཡེ་དབྱིང་གྲོང་ཚོའི་ཏང་ཀྲི་པུའི་ཨུ་ཡོན་ཞིག་གིས་གྲོང་ཚོ་དེའི་ཏང་སྲོལ་ལྟ་སྐུལ་ས་ཚིགས་སུ་གནད་དོན་འདི་འདྲི་བར་འོངས། ཏང་སྲོལ་ལྟ་སྐུལ་ས་ཚིགས་ཀྱི་ལས་དོན་པས་འབྲེལ་ཡོད་སྒྲིག་ཁྲིམས་ཀྱི་བླང་བྱ་འགྲེལ་བཤད་བརྒྱབ་རྗེས་ཁོང་གིས་ཕྲུ་གུ་ཟླ་མགོ་ཚང་བའི་རྟེན་འབྲེལ་བྱ་རྒྱུའི་བསམ་བློ་དོར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།