འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།གོས་དཀར་ལྷ་རྗེའི་གཞན་ཕན་ལྷག་བསམ་ལས། གངས་ལྗོངས་ས་མཐོའི་དམངས་ཀྱི་ནད་གདུང་བསལ།

    ——2017ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་བོད་སྐྱོད་བྱ་སྤྱོད་ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀྱི་དངོས་བྲིས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་22ཉིན། 16:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གོས་དཀར་ལྷ་རྗེའི་གཞན་ཕན་ལྷག་བསམ་ལས། གངས་ལྗོངས་ས་མཐོའི་དམངས་ཀྱི་ནད་གདུང་བསལ།
           མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀོང་པོ་རྒྱ་མདའ་རྫོང་བྲག་ཆུ་གྲོང་རྡལ་གནམ་གསལ་གྲོང་ཚོའི་ལོ་11ལ་སོན་པའི་བུ་མོ་བདེ་སྐྱིད་སྒྲོལ་དཀར་ནི་བསོད་ནམས་ཧ་ཅང་ཆེན་པོ་ཞིག་རེད། ཆུང་དུས་སུ་མཆིན་ནད་ཐུམ་འབུ་ཕོག་རུང་2017ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་བོད་སྐྱོད་བྱ་སྤྱོད་ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་ལ་ཞུགས་མཁན་རྒྱལ་སའི་རིགས་གཅིག་མཁས་ཅན་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སླེབས་རྗེས་ཟླ་7ཚེས་10ཉིན་བུ་མོ་དེར་གཤགས་བཅོས་བྱས་པ་རེད། གཤགས་བཅོས་ཁང་དུ་མ་བསྐྱོད་གོང་བདེ་སྐྱིད་སྒྲོལ་དཀར་གྱིས་གསར་འགོད་པར་ང་རང་གཤགས་བཅོས་ལ་སྐྲག་གི་མི་འདུག ནད་གཞི་བཅོས་རྗེས་སླར་ཡང་གཞས་གཏོང་བ་དང་ཞབས་བྲོ་འཁྲབ་པ་སོགས་བྱེད་ཆོག་ཅེས་བཤད།
            “བདེ་ཐང་ཀྲུང་གོ”དང“གནད་སྨིན་དབུལ་སྐྱོར”གྱི་རྒྱལ་ཁབ་ཀྱི་འཐབ་ཇུས་ལ་རམ་འདེགས་དང་བོད་རང་སྐྱོང་ལྗོངས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཟླ་7ཚེས་7ནས་15ཉིན་བར་རྒྱལ་ས་དང་དེ་བཞིན་རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་སྨན་བཅོས་སྒྲིག་གཞི་200ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་དང་བླངས་པ་དང་། གཅེས་སེམས་མི་སྣ། ཕྱི་རྒྱལ་གྱི་རིགས་གཅིག་མཁས་ཅན་བཅས་མི་གྲངས་800ལྷག་ཙམ་རྒྱལ་ས་ནས་བོད་ཀྱི་ཉིང་ཁྲི་དང་། ལྷ་ས། ལྷོ་ཁ་གྲོང་ཁྱེར་བཅས་སུ་“གཅིག་སེམས་གཅིག་ཏུ་བསྒྲིལ། དམངས་ལ་བདེ་བ་བསྐྲུན”ཅེས་པའི་བརྗོད་དོན་གཙོ་བོའི2017ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་བོད་སྐྱོད་བྱ་སྤྱོད་ཀྱི་སྤྱི་ཕན་བྱེད་སྒོ་ཆེ་གྲས་སྤེལ་བ་རེད།
            ཡོན་ཧྲིས་སྨན་བཅོས་བྱེད་རིང་ནད་པར་སྟབས་བདེ་བསྐྲུན་པ།
           “བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ”ཞེས་བརྗོད་པའི་ཉིང་ཁྲིར་དམིགས་བསལ་གྱི་མགྲོན་པོ་ཁག་གཅིག་སླེབས་ཤིང་། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཚོས་དང་བླངས་པ་དཀྱུས་མ་ཞིག་གི་མིང་ཐོག་ནས་གཞི་རིམ་དུ་འོས་འགན་སྨན་བཅོས་དང་སློབ་འཁྲིད་བྱས་པ་རེད། ཁོང་ཚོའི་བྱེད་སྟངས་དེ་རིགས་ལ་མི་ཚོས་དད་གུས་ཆེན་པོ་བྱེད་ཀྱི་ཡོད།
            ཟླ་7ཚེས་9ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོའན་ཧྲི་དང་སྙིང་ཀླད་ཁྲག་རྩའི་ནད་གཞིའི་རིགས་གཅིག་མཁས་ཅན་དགེ་རྒན་ཆེ་མོ་བ་ཀའོ་རུའེ་ལིན་བྲག་ཡིབ་ཆུས་བྲག་ཡིབ་གྲོང་རྡལ་གནས་གཞི་གྲོང་ཚོར་སླེབས་ཤིང་། ལོ་76ལ་སོན་པའི་ཡོན་ཧྲི་ཀའོ་རུའེ་ལིན་གྱིས་འཆད་ཁྲིད་བྱེད་སྐབས་སྙིང་ཀླད་ཁྲག་རྩའི་ནད་གཞི་དང་དེ་བཞིན་གྲུམ་བུ་སོགས་བོད་དུ་རྒྱུན་མཐོང་གི་ནད་གཞིར་དམིགས་ནས་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་མང་པོ་བཏོན་པ་རེད།
           ཟླ་7ཚེས་11ཉིན། ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་ཀྲུང་གོ་གསོ་རིག་ཚན་རིག་ཁང་ཀྲུང་གོ་ཤེ་ཧོ་གསོ་རིག་ཚན་རིག་སློབ་གྲྭ་ཆེ་མོ་དང་པེ་ཅིང་ཤེ་ཧོ་སྨན་ཁང་བུད་མེད་ཚན་ཁག་གི་མཚན་འཛིན་ཀྲུའུ་རེན་ལེང་ཅིང་ཧོས2017ལོའི“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱི་བོད་སྐྱོད་བྱ་སྤྱོད་ཀྱི་བུད་མེད་ཚན་ཁག་གི་རིགས་གཅིག་མཁས་ཅན་ཚོགས་པའི་སྣེ་འཁྲིད་དེ་སྨན་དོན་མི་སྣར་སྨན་བཅོས་ཐད་རོགས་རམ་དང་སློབ་འཁྲིད་སོགས་བྱས་པ་རེད།
           གྲོང་གསེབ་ཀྱི་བོད་པ་ཚོར་སྨན་བཅོས་རོགས་སྐྱོར་བྱས་པ།
           སྨན་བཅོས་བྱེད་པ་དང་སྨན་བསྐྱལ་ནས་ལྷད་མེད་བརྩེ་སེམས་ཚོར་བ་བྱས་ཤིང་། ཟླ་7ཚེས་10ཉིན་པེ་ཅིང་ཆིང་ཧྭ་ཁྲང་ཀེང་སྨན་ཁང་གི་ལག་བསྟར་ཡོན་ཀྲང་ཏུང་ཅ་ཧུང་གིས་ཁོང་གི་ཕྱི་བཅོས་སྡེ་ཁག་གི་ཚོགས་པའི་སྣེ་ཁྲིད་དེ་མཆིན་པའི་ཐུམ་འབུའི་ནད་ཕོག་མཁན་གྱི་གནས་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་ཏེ་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ནད་པ་ལྔ་ལ་གཤགས་བཅོས་བྱས་པ་རེད།
             “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”སྒྲིག་འཛུགས་ཨུ་ཡོན་ལྷན་ཁང་གིས་དུས་འགོའི་བརྟག་ཞིབ་ཁྲོད་ཉིང་ཁྲི་གྲོང་ཁྱེར་དུ་མཆིན་པའི་ཐུམ་འབུའི་ནད་ནི་གྲོང་ཁྱེར་དེའི་མི་ཚོར་གནོད་འཚེ་ཆེན་པོ་བཟོ་བའི་ནད་གཞི་ཞིག་ཡིན་པ་ཤེས་རྟོགས་བྱུང་བ་དང་ས་གནས་དེ་གའི་སྨན་བཅོས་ཆ་རྐྱེན་འཛོམས་པོ་མེད་སྟབས། མཆིན་པའི་ཐུམ་འབུའི་ནད་ཞིབ་བཤེར་སྨན་བཅོས་བྱ་རྒྱུ་དེ་ད་རེས་ཀྱི་སྨན་བཅོས་སྤྱི་ཕན་བྱེད་སྒོ་ཆེ་གྲས་ཀྱི་གཙོ་གནད་ཅིག་བརྩིས་ནས་ས་གནས་དེ་གའི་མི་དམངས་ཀྱི་བདེ་ཐང་ལ་གནོད་འཚེ་ཆེན་པོ་བཟོ་བའི་ནད་གཞི་དེ་སྨན་བཅོས་ཧུར་ཐག་བྱ་རྒྱུ་རེད། གཤགས་བཅོས་ཆུ་ཚོད་བཅུ་ལྷག་ཙམ་བྱས་རྗེས་ཏུང་ཅ་ཧུང་ངལ་དུབ་ཀྱིས་མནར་བཞིན་སྨན་བཅོས་སྒྲིག་ཆས་ཀྱི་ཆ་རྐྱེན་འཛོམས་པོ་མེད་ཀྱང་། རྙོག་འཛིང་ཆེ་བའི་ཐུམ་འབུའི་ནད་དཔེ་ཁག་5ཙམ་གཤགས་བཅོས་ལེགས་གྲུབ་བྱུང་བས་ལག་རྩལ་དེ་ཉིང་ཁྲི་གྲོང་ཁྱེར་དུ་ཁྱབ་གདལ་གཏོང་ཐུབ་ན་མཆིན་པའི་ཐུམ་འབུའི་ནད་ཕོག་མཁན་ལ་བདེ་སྐྱིད་བསྐྲུན་ཐུབ་པའི་རེ་བ་ཡོད་ཅེས་བཤད།
              དབུལ་སྐྱོར་དཀའ་སེལ་ལས་སྨན་བཅོས་ཆ་རྐྱེན་ལེགས་སུ་གཏོང་བ།
             2008ལོ་ཚུན་དུ། “སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”བྱེད་སྒོ་སྒྲིག་འཛུགས་བྱས་པ་དེས་རྒྱལ་སའི་སྨན་བཅོས་རིགས་གཅིག་མཁས་ཅན་གཙོ་བོར་བྱས་པའི་དང་བླངས་དཔུང་ཁག་གིས་སྔ་རྗེས་སུ་ཉིང་ཞ་དང་། ཧྲན་ཏུང་། ནང་སོག་བཅས་དང་དེ་བཞིན་བོད་ལྗོངས་དང་། མཚོ་སྔོན། ཀན་སུའུ། ཡུན་ནན། སི་ཁྲོན་སོགས་ས་ཆའི་མི་རིགས་ས་ཁུལ་དུ་གཞི་ཁྱོན་ཆེ་བའི་བདེ་ཐང་དང་བླངས་ཞབས་འདེགས་ཞུས་པ་རེད། མིག་སྔའི་བར“སེམས་མཐུན། ཀྲུང་གོའི་སེམས་པ་མཉམ་གཏོད”ཀྱིས་དང་བླངས་པ་ཁྲི་2ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཞིང་འབྲོག་པར་སྤུས་ལེགས་སྨན་བཅོས་དང་བླངས་ཞབས་འདེགས་ཞུས་པ་དང་། དངུལ་དང་དངོས་པོ་ཞལ་འདེབས་བརྒྱབ་པ་སྒོར་དུང་ཕྱུར་2ལྷག་ཙམ་ཟིན་པ། རོགས་སྐྱོར་ཐོབ་མཁན་ས་ཆར་གསོ་སྦྱོང་བྱས་པ་ཚོགས་དུས་600ལྷག་ཙམ་ཟིན་པ། གསོ་སྦྱོང་ལ་ཞུགས་མཁན་མི་ཐེངས་ཁྲི་གཅིག་ཡན་ཟིན་པ། རོགས་སྐྱོར་ཐོབ་མཁན་ས་ཁུལ་གྱི་མི་སེར་ཚོར་བདེ་ཐང་སློབ་གསོའི་སློབ་ཚན་ཐེངས་600ལྷག་ཙམ་འཚོགས་པ་དེས་མི་སེར་ཁྲི་བཅུ་ལྷག་ཙམ་ལ་ཕན་པ་ཐོབ་པ། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་ཆིག་སྟོང་ཙམ་དང་སྐྱ་གྲིབ་ཕོག་པའི་ནད་པ་ཆིག་སྟོང་ལྷག་ཙམ་ལ་རིན་མེད་གཤགས་བཅོས་བྱས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།