འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་གྲོན་དངུལ་གང་བྱུང་སྤར་བར་ཚོད་འཛིན་བྱེད་པའི་ལག་
    བསྟར་ཇུས་གཞི་བཏོན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་21ཉིན། 10:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་《སྨན་བཅོས་གྲོན་དངུལ་གང་བྱུང་སྤར་བར་ཚོད་འཛིན་བྱེད་པའི་མཚོ་སྔོན་ཞིང་ཆེན་གྱི་ལག་བསྟར་ཇུས་གཞི་》བཟོས་ནས་བཏོན་ཞིང་། དེའི་དམིགས་ཡུལ་ནི་གཞུང་གི་སྨན་ཁང་གི་ཕྱོགས་བསྡུས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་ནས་གཞུང་གི་སྨན་ཁང་གི་སྨན་བཅོས་གྲོན་དངུལ་གང་བྱུང་སྤར་བར་ཚོད་འཛིན་ནུས་ལྡན་བྱ་རྒྱུ་དང་མང་ཚོགས་ཀྱི་སྨན་རིན་ཁུར་པོ་ཡང་དུ་གཏོང་ཆེད་དུ་ཡིན་པ་རེད།
          《ཇུས་གཞིའི་》ནང་2017ལོའི་ལོ་མཇུག་ཏུ་སླེབས་སྐབས་མཚོ་སྔོན་ཞིང་ཆེན་གྱི་སྨན་བཅོས་གྲོན་དངུལ་འཕར་ཚད་10%ཡི་ནང་ཚོད་འཛིན་བྱ་རྒྱུ་མ་ཟད། གྲོང་ཁྱེར་དང་ཀྲོའུ་8དང་ཞིང་ཆེན་རིམ་པའི་གཞུང་གི་སྨན་ཁང་14ཡི་སྨན་བཅོས་གྲོན་དངུལ་གྱི་ཚོད་འཛིན་དམིགས་ཚད་རིགས་དབྱེ་གཏན་འཁེལ་བྱས་པ་དང་ལྟ་ཞིབ་ཚད་ལེན་གྱི་དམིགས་ཚད་20དུས་བཀག་བཞིན་ཡོངས་བསྒྲགས་བྱས་ཏེ་སྨན་བཅོས་གྲོན་དངུལ་གང་བྱུང་སྤོར་བའི་སྣང་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱ་རྒྱུའི་སྐོར་དང་འགན་བཅོལ་ལ་ཞུགས་མཁན་ནད་པའི་སྨན་རིན་ལས་མི་སྒེར་གྱི་བསྡུར་ཚད་དེ་རིམ་གྱིས་དམའ་རུ་གཏོང་རྒྱུ་དང་གྲོང་མིའི་ནད་ལྟ་སྨན་བཅོས་ཀྱི་ཁུར་པོ་སྔར་བས་ཡང་དུ་གཏོང་རྒྱུ་ཡིན་པ་བཏོན་ཡོད།
           《ཇུས་གཞིའི་》ནང་སྨན་རིན་ཚོད་འཛིན་གྱི་བྱེད་ཐབས་དགུར་ཤུགས་སྣོན་རྒྱག་རྒྱུ་སྟེ། གཙོ་བོ་ནི་སྨན་དོན་མི་སྣའི་ནད་བརྟག་སྨན་བཅོས་ཀྱི་ཀུན་སྤྱོད་ཚད་ལྡན་དུ་གཏོང་བ་དང་། སྨན་བཅོས་སྒྲིག་གཞིའི་ནང་ཁུལ་ཚོད་འཛིན་ལམ་ཤུགས་ལ་ཤུགས་སྣོན་རྒྱག་པ། གཞུང་གི་སྨན་ཁང་གི་གཞི་ཁྱོན་ལ་ཚོད་འཛིན་ནན་པོ་བྱེད་པ། སྨན་རིན་གཅོག་པ། སྨན་བཅོས་འགན་བཅོལ་གྱི་གཏོང་སྤྲོད་བྱེད་ཐབས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ནད་ལྟ་སྨན་བཅོས་ཀྱི་དོ་དམ་ལ་ཤུགས་སྣོན་རྒྱག་པ། གཞུང་བཙུགས་སྨན་ཁང་གི་ཁབ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རིགས་དབྱེའི་ནད་ལྟ་སྨན་བཅོས་མ་ལག་འཛུགས་པ། དམངས་ཡོངས་ཀྱི་བདེ་ཐང་སྐུལ་འདེད་དང་བདེ་ཐང་དོ་དམ་ལག་བསྟར་བྱ་རྒྱུ་བཅས་རེད། དེ་དང་དུས་མཚུངས་《ཇུས་གཞིའི་》ནང་སྨན་བཅོས་གྲོན་དངུལ་གྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་ཆ་འཕྲིན་ཅན་གྱི་བྱ་ཐབས་གང་ལེགས་སྤྱད་དེ་ས་ཁོངས་དང་སྒྲིག་གཞིས་སྨན་བཅོས་གྲོན་དངུལ་སྤོར་བའི་གནས་ཚུལ་ལ་གཙོ་གནད་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དང་། ལོ་ལྟར་དུས་བཀག་བཞིན་ས་ཁུལ་ཁག་དང་སྨན་བཅོས་སྒྲིག་གཞི་ཁག་གི་འགྲོ་གྲོན་དམིགས་ཚད་ཚོད་འཛིན་གྱི་འབྲས་བུ་ཡོངས་བསྒྲགས་བྱ་རྒྱུ། དཔྱད་ཞིབ་ལག་བསྟར་ནན་ཏན་བྱས་ཏེ་ས་ཁུལ་ཁག་གིས་ས་ཁུལ་དེའི་སྨན་རིན་ཚོད་འཛིན་དམིགས་ཚད་དང་། དཔྱད་ཞིབ་བྱེད་ཐབས། དཔྱད་ཞིབ་འབྲས་བུ་བཅས་ནོར་སྲིད་ཁ་གསབ་རོགས་དངུལ་སོགས་དང་འབྲེལ་མཐུད་བྱེད་དགོས་པའི་བླང་བྱ་བཏོན་པ། གཞུང་གི་སྨན་བཅོས་སྒྲིག་གཞིས་ལུགས་མཐུན་གྱི་ནད་བརྟག་སྨན་བཅོས་ཀྱི་བྱ་སྤྱོད་དེ་སྨན་དོན་མི་སྣར་བྱས་རྗེས་དཔྱད་ཞིབ་གདེང་འཇོག་བྱེད་པའི་ནང་དོན་གལ་ཆེན་དུ་བརྩི་དགོས་པ་བཅས་ཁ་གསལ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།