འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོ་བོད་ལྗོངས་ཀྱི་སློབ་གྲྭ་ཆེ་མོ་བ་དམག་མིར་མིང་ཐོ་འགོད་ཚད་མང་ཤོས་ཟིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་7ཚེས་12ཉིན་བོད་རང་སྐྱོང་ལྗོངས་དམག་བསྡུ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར་བོད་ལྗོངས་ཀྱི་སློབ་གླིང་དང་སློབ་གྲྭ་ཁག་གི་ལོ་ན་རན་པའི་སློབ་གྲྭ་ཆེ་མོ་བ་གཞོན་ནུས་དྲ་ཐོག་ནས་དམག་མིར་མིང་ཐོ་འགོད་ཚད་མང་ཤོས་ཟིན་ནས་མིང་ཐོ་འགོད་མཁན་མི་གྲངས་ཀྱིས་བོད་ལྗོངས་ཡོངས་ཀྱི་མིང་ཐོ་འགོད་མཁན་མི་གྲངས་ཀྱི་40%བཟུང་ཡོད་པ་རེད།
             དུས་ཡུན་རིང་པོའི་ནང་ས་ཁམས་ཆ་རྐྱེན་དང་། དཔལ་འབྱོར་འཕེལ་རྒྱས། གཟུགས་པོའི་གནས་ཚུལ་སོགས་ཀྱི་ཚོད་འཛིན་ཕོག་པའི་དབང་གིས་བོད་ལྗོངས་ཀྱི་ལོ་ན་རན་པའི་གཞོན་ནུ་དང་ལྷག་དོན་དུ་སློབ་གྲྭ་ཆེ་མོ་བ་དམག་མིར་མིང་ཐོ་འགོད་ཚད་དམའ་བ་དང་མིང་ཐོ་འགོད་མཁན་མི་གྲངས་ཉུང་ཉུང་ཡིན་པ་རེད། གནས་ཚུལ་དེར་དམིགས་ནས་འདི་ལོ་རང་སྐྱོང་ལྗོངས་དམག་བསྡུ་གཞུང་ལས་ཁང་གིས་བོད་རང་སྐྱོང་ལྗོངས་དྲ་འཕྲིན་དང་། སློབ་གསོ། རིག་གནས། གསར་འགྱུར་དཔེ་སྐྲུན་སོགས་སྡེ་ཚན་དང་མཉམ་འབྲེལ་ཐོག་སྐད་འཕྲིན་དང་། དཔོད་ཕྲན། གཙོ་ཆེའི་དྲ་ཚུགས་སོགས་ལ་བརྟེན་ནས་ཞིང་འབྲོག་ཁུལ་དང་མཐོ་སློབ་ཁག་ཏུ་ཕྱོགས་བསྡུས་སྣ་མང་གི་དྲིལ་བསྒྲགས་བྱས་ཏེ་ལོ་ན་རན་པའི་གཞོན་ནུ་དམག་མིར་ཞུགས་ནས་རྒྱལ་ཁབ་ལ་སྲི་ཞུ་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་ཡོད་པ་རེད།
            བོད་རང་སྐྱོང་ལྗོངས་དམག་བསྡུ་གཞུང་ལས་ཁང་གི་འགན་ཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་མཐོ་སློབ་ཁག་ཏུ་དམག་མིར་མིང་ཐོ་འགོད་ཚད་ཧ་ཅང་མང་དུ་ཕྱིན་པ་ལས་ཕྱོགས་བསྡུས་སྣ་མང་གི་དྲིལ་བསྒྲགས་བྱེད་སྒོ་མི་སེམས་སུ་ཟུག་པ་མཚོན་པ་དང་། དེ་ནི་ཉེ་ལམ་ལོ་ཤས་རིང་བོད་ལྗོངས་ཀྱི་རྒྱལ་སྲུང་སློབ་གསོའི་ལས་དོན་ལ་རྒྱུན་མཐུད་ཤུགས་སྣོན་བརྒྱབ་པ་ལས་ཕན་པ་ཐོབ་པ་ཞིག་རེད། འདི་ལོའི་ལོ་འགོ་ཚུན་དུ་ཁོང་ཚོས་སྔ་རྗེས་སུ་ལྷ་ས་དང་། གཞིས་རྩེ། ལྷོ་ཁ་སོགས་ཀྱི་དམག་བསྡུའི་ལས་དོན་ཚོགས་ཆུང་6སྒྲིག་འཛུགས་བྱས་ནས་འབྲོག་ཁུལ་དང་། སྡེ་ཁུལ། མཐོ་སློབ་བཅས་སུ་བསྐྱོད་དེ་དུས་འགོའི་དམག་བསྡུའི་བརྟག་ཞིབ་ལས་དོན་སྤེལ་བ་དང་འབྲེལ་བརྟག་དཔྱད་བྱས་འབྲས་གཞིར་བཟུང་ལོ་འཁོར་གྱི་དམག་བསྡུའི་དྲིལ་བསྒྲགས་སློབ་གསོའི་ལས་དོན་འཆར་འགོད་ཞིབ་ཚགས་བྱས་ཡོད་པ་རེད།
             བརྟག་ཞིབ་ནང་ཤེས་རྟོགས་ཐུབ་པའི་ལོ་ན་རན་པའི་གཞོན་ནུས་སྨྱན་སྦྱོར་གསར་པ་དང་བྱ་དངོས་གསར་པར་དགའ་པོ་བྱེད་པའི་ཁྱད་ཆོས་ལ་གཞིགས་ནས་ཁོང་ཚོས་དམག་ཁུལ་དང་ས་ཁུལ་གྱི་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་དམག་བསྡུའི་དྲིལ་བསྒྲགས་ཤོག་བྱང་དང་འགུལ་རིས་ཆུང་ངུ་བཟོ་བ་དང་། དཔོད་ཕྲན་དང་སྐད་འཕྲིན་གྱི་སྤྱི་རྟགས་ཤར་གཏོང་བྱེད་པ། རང་སྐྱོང་ལྗོངས་ཀྱི་རིམ་ཁག་བརྙན་འཕྲིན་ལས་ཁུངས་དང་རླུང་འཕྲིན་ལས་ཁུངས་དང་མཐུན་སྦྱོར་སོགས་བྱས་ཏེ་གཅིག་སྡུད་ཐོག་དུས་ཚོད་ཡག་ཤོས་སྐབས་སུ་དམག་སྒར་གྱི་གློག་བརྙན་དང་དྲིལ་བསྒྲགས་པར་གཞི་བསྟན་པ་མ་ཟད། ད་དུང་སློབ་གྲྭ་དང་། སྡེ་ཁུལ། ཚོང་ལས་ཁྲོམ་གཞུང་བཅས་སུ་དམག་བསྡུའི་འཕྲིན་གཏོང་སྡེབ་གཏོང་སྦྲེལ་ཚུགས་བཙུགས་ནས་ཕྱོགས་བསྡུས་རྣམ་པའི་དྲིལ་བསྒྲགས་བྱས་པ་རེད།
            ད་དུང་ཁོང་ཚོས་དམག་སྒར་གྱི་དཔེ་མཚོན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ནས་བོད་ལྗོངས་དམག་ཁུལ་ཁང་དཔུང་སྡེའི་སྔོན་ཐོན་དཔེ་མཚོན་མི་སྣ་གདན་དྲངས་ཏེ་སློབ་གྲྭ་ཆེ་མོ་བ་དང་བཞུགས་མོལ་བྱས་པ་དང་། ཕུལ་བྱུང་བོད་རིགས་དམག་མི་སྒྲིག་འཛུགས་བྱས་ནས་སློབ་གྲྭར་ཡོད་མུས་ཀྱི་སློབ་གྲྭ་ཆེ་མོ་བ་དང་མཐོ་རིམ་སློབ་འབྲིང་གི་སློབ་མར་ཡོངས་བསྒྲགས་ཡི་གེ་སྤྲིངས་པ། སློབ་གྲྭར་ཡོད་མུས་ཀྱི་ལོ་ན་རན་པའི་གཞོན་ནུ་སྒྲིག་འཛུགས་བྱས་ནས་བོད་དམག་ཁུལ་ཁང་གི་དམག་དོན་ལོ་རྒྱུས་ཁང་ལ་ལྟ་སྐོར་བྱས་པ་དང་འབྲེལ་དེ་ཁུལ་དུ་དམག་དོན་ལོ་རྒྱུས་ཉན་པ་དང་དམག་སྒར་གྱི་འཚོ་བ་མྱོང་ཚོར་ཐུབ་པ་བྱས་ཐོག་ཏང་གཅེས་རྒྱལ་གཅེས་དང་བློ་དཀར་སེམས་དཀར་གྱིས་རྒྱལ་ཁབ་ལ་སྲི་ཞུ་སྒྲུབ་པའི་ཁོང་ཚོའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།