འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀོང་ཏུང་གིས་ལྐོག་ཏུ“གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པའི”རིགས་ལ་རྩད་གཅོད་
    ནན་པོ་བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 12:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གི“གཏན་འབེབས་དོན་ཚན་བརྒྱད”དང“བསྲུང་བྱ་རྣམ་གསུམ”གྱི་དགོངས་དོན་དང་དེ་བཞིན་གྲོན་ཆུང་བསྲི་ཚགས་དང་འཕྲོ་བརླག་ལ་ངོ་རྒོལ་སོགས་ཀྱི་ཡིག་ཆའི་གཏན་འབེབས་གཞིར་བཟུང་། ས་གནས་ཁག་གིས“གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པའི”སྤྱོད་ཚུལ་ནན་བཀག་ཐུབ་ཡོད། འོན་ཀྱང་ཚན་པ་དང་མི་སྒེར་རེ་གཉིས་ཀྱིས་མིང་སྣ་ཚོགས་ལ་ཁ་གཡར་ནས“གཞུང་དངུལ་གྱི་བཟའ་བཏུང”འགྲོ་གྲོན་བཅད་ནས་“གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པ”དེ་མི་མངོན་ལྐོག་ཏུ་གྱུར་ཡོད། ཉེ་ཆར། ཀོང་ཏུང་ཞིང་ཆེན་ནོར་སྲིད་ཐིང་གིས་《ལྐོག་ཏུ་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་རིགས་ལ་བཅོས་སྒྲིག་བྱེད་པའི་ལས་དོན་སྤེལ་རྒྱུའི་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་ལྐོག་ཏུ་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པའི་གནད་དོན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ནསགཞུང་དོན་བྱེད་སྒོའི་འགྲོ་གྲོན་སྔར་བས་ཚད་ལྡན་དུ་བཏང་བ་དང་ལམ་ལུགས་འཛུགས་སྐྱོང་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། མངོན་ཆེ་ནས་མངོན་མེད་བར་གྱི་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པའི་བྱེད་སྤྱོད་ལ་བཀག་སྡོམ་བྱས་པ་རེད།
            ཀོང་ཏུང་གི་བཅོས་སྒྲིག་ལས་དོན་གྱིས་ཕྱོགས་གསུམ་ཐད་གཙོ་གནད་ཐོག་བཅོས་སྒྲིག་བྱ་རྒྱུ་སྟེ། གཅིག་ནི་རྒྱལ་ནང་གི་གཞུང་དོན་དང་ཕྱི་རྒྱལ་སྐུ་མགྲོན་གྱི་སྣེ་ལེན་དོ་དམ་གྱི་གཏན་འབེབས་ལས་འགལ་ནས་རང་འགར་སྣེ་ལེན་གྱི་ཚད་གཞི་མཐོ་རུ་གཏོང་བ་དང་། གསོལ་ཚིག་ལ་འགྲོ་མཁན་མི་གྲངས་བཀོད་སྒྲིག་བྱས་པའི་མི་གྲངས་ལས་བརྒལ་བ། གོང་ཚད་མཐོ་བའི་ཚལ་དང་། ཐ་མག ཨ་རག་སོགས་མཁོ་འདོན་བྱེད་པ། སྒེར་གྱི་འདུ་གནས་དང་འཛད་སྤྱོད་མཐོ་བའི་ཟ་བཏུང་འདུ་གནས་སུ་སྐྱོད་པ་སོགས་གཏན་འབེབས་ལས་འགལ་ནས་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པའི་བྱེད་སྤྱོད་དང་། གཉིས་ནི་གཞུང་དོན་ལམ་གྲོན་དང་། ཚོགས་འདུའི་གྲོན་དངུལ། གསོ་སྦྱོང་དངུལ། གཞུང་དོན་དབང་གིས་ཕྱི་རྒྱལ་དུ་སྐྱོད་པའི་གྲོན་དངུལ་སོགས་ཀྱི་དོ་དམ་གཏན་འབེབས་ལས་འགལ་ནས་གཞུང་དོན་སྒྲུབ་རིང་སྒྲིག་ཁྲིམས་ལས་འགལ་ནས་གཞུང་དངུལ་སྤྱད་དེ་གསོལ་སྟོན་གཤོམ་པ་དང་། ཚོགས་འདུ་དང་གསོ་སྦྱོང་ལ་ཁ་གཡར་ནས་གསོལ་སྟོན་གཤོམ་པ། ཚོགས་འདུའི་གྲོན་དངུལ་དང་གསོ་སྦྱོང་གི་གྲོན་དངུལ་ཁྲོད་ནས་གཞུང་དོན་སྣེ་ལེན་འགྲོ་གྲོན་གཏོང་བ་སོགས་རྣམ་པ་གཞན་སྒྱུར་གྱི་ཐོག་ནས་ཚན་པའི་རྩིས་ཁྲ་བཟོས་ཏེ་བཟའ་བཏུང་བྱེད་པའི་དངུལ་བཏང་བ་སོགས་ཡིན་པ། གསུམ་ནི་རྒྱལ་ནང་གི་གཞུང་དོན་དང་ཕྱི་རྒྱལ་སྐུ་འགྲོན་གྱི་སྣེ་ལེན་དོ་དམ་གྱི་གཏན་འབེབས་ལས་འགལ་ནས་ཚན་པའི་ཟ་ཁང་དང་གསོ་སྦྱོང་ལྟེ་གནས་སམ་ཡང་ན་ལས་ཁུངས་ནང་ཁོངས་ཀྱི་སྣེ་ལེན་ཁང་དུ་གཞུང་དངུལ་སྤྱད་དེ་བཟའ་བཏུང་བྱེད་པ་དང་། རྒྱས་སྤྲོས་འཕྲོ་བརླག་གཏོང་བ། སྒེར་གྱི་མགྲོན་པོར་སྣེ་ལེན་ཞུ་བ་བཅས་ཀྱི་གོ་སྐབས་དང་བསྟུན་ནས་ཚན་པའི་ཕན་བདེའམ་ཡང་ན་ཁྱད་ལྡན་ཡུལ་ཟོག་སྤྲོད་པ་སོགས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།