འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་རི་འཛེག་སྣེ་ཤན་པའི་མཐུན་ཚོགས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་རི་འཛེག་སྣེ་ཤན་པའི་མཐུན་ཚོགས་ལྷ་སར་བཙུགས་ཤིང་། དེ་ནི་རྒྱལ་ནང་གི་རི་འཛེག་སྣེ་ཤན་པའི་ལས་རིགས་མཐུན་ཚོགས་དང་པོ་དེ་རེད། འབྱུང་འགྱུར་མཐུན་ཚོགས་དེས་ཧི་མ་ལ་ཡ་རི་ཁུལ་གྱི་རི་མཐོ་སྣེ་ཤན་པའི་ཐོ་འགོད་ཐོབ་ཐང་ར་སྤྲོད་ཚད་གཞི་གཏན་འཁེལ་བྱ་རྒྱུ་དང་། རྒྱལ་ཁབ་ཕྱི་ནང་ལ་ཕྱོགས་ནས་རི་འཛེག་སྣེ་ཤན་པ་གསོ་སྦྱོང་བྱ་རྒྱུ། ས་ཁོངས་ཀྱི་ས་བབ་མཐོ་བའི་ཚོང་ལས་རི་འཛེག་གི་དོ་དམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད།
          རི་འཛེག་སྣེ་ཤན་པ་ཞེས་པ་ནི་རི་འཛེག་བྱེད་སྒོར་དུས་འགོའི་གྲ་སྒྲིག་ལས་དོན་དང་། ལག་རྩལ་མཛུབ་ཁྲིད། བདེ་འཇགས་འགན་ལེན། སྣེ་ཤན་ཞབས་ཞུ་བཅས་མཁོ་འདོན་བྱེད་མཁན་ཆེད་ལས་མི་སྣར་ཟེར། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་དུས་དཀྱིལ་དུ་བོད་ཀྱིས་ཕྱི་ཕྱོགས་ལ་རི་བོ་འགའ་ཞིག་གི་སྒོ་མོ་ཕྱེ་ཞིང་། དུས་དེ་ནས་དུས་རབས་འདིའི་དུས་འགོའི་བར་དུ་བོད་ཀྱིས་ས་བབ་མཐོ་བའི་རི་འཛེག་ཞབས་ཞུའི་ལས་དོན་སྤེལ་རུང་རི་བོ་ཐོ་འགོད་དང་། འབྲེག་གཏུག་སྣེ་ལེན། ཅ་དངོས་སྐྱེལ་འདྲེན་སོགས་རྨང་གཞིའི་ཞབས་ཞུ་ཁོ་ན་ཙམ་ལས་མེད། དེ་མིན་གྱི་རི་མཐོའི་ཆེད་ལས་རི་འཛེག་ཚོང་ལས་ཞབས་ཞུ་སྤྱིར་ན་ཕུང་གསུམ་རྒྱལ་ཁབ་ཀྱི་མི་སྣས་སྒེར་སྡེམ་བྱས་ཡོད། བོད་ཀྱི་རི་འཛེག་སྣེ་ཤན་པ་གསོ་སྦྱོང་སྒྲིག་གཞི་སྟེ་བོད་ལྗོངས་རི་འཛེག་སློབ་གྲྭ་དང་དེ་བཞིན་རི་མཐོ་མྱུལ་དཔྱད་ཞབས་ཞུ་ཀུང་སི་སྔ་རྗེས་སུ་བཙུགས་པ་དང་ཆབས་ཅིག་རང་རྒྱལ་ལ་ཆེད་ལས་ཀྱི་རི་འཛེག་སྣེ་ཤན་པ་ཁག་གཅིག་བྱུང་ཡོད།
         ཉི་མ་ཚེ་རིང་ནི་ཇོ་མོ་གླང་མ་སོགས་ས་བབ་མཐོ་བའི་རི་བོ་ཐེངས་མང་འཛེག་མྱོང་བ་དང་ལོ་མང་གི་དོ་དམ་ཉམས་མྱོང་ཡོད་པའི་མི་ཞིག་རེད། ཁོང་གིས་ཡོ་རོབ་དང་ཨ་མེ་རི་ཁའི་རྒྱལ་ཁབ་ཀྱི་རི་འཛེག་སྣེ་ཤན་པའི་ཚད་གཞིར་ཆ་མཚོན་ན། དེའི་ནང་སྣེ་ཤན་པར་གངས་ཤུད་གློད་པ་དང་འཁྱག་རི་འཛེག་སྒྲོལ་བྱེད་པ་སོགས་ཀྱི་རྩལ་ནུས་མང་པོ་ལྡན་དགོས་པའི་བླང་བྱ་བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། ཡིན་ནའང་ཁོང་གིས་ཧི་མ་ལ་ཡ་རི་ཁུལ་གྱི་སྣེ་ཤན་པར་ཆ་མཚོན་ན། དང་ཐོག་ས་ཁུལ་དེ་གའི་དམིགས་བསལ་གནམ་གཤིས་དང་། ས་གཤིས་ཡུལ་བབ། ས་དབྱིབས་ཁྱད་ཆོས་བཅས་ལ་རྒྱུས་མངའ་ཡོད་དགོས་པ་དང་། ས་མཐོར་ལས་དོན་སྤེལ་བའི་ཆ་རྐྱེན་འཛོམས་དགོས་པ་མ་ཟད། ད་དུང་ཞབས་ཞུའི་འདུ་ཤེས་ཟབ་མོ་ཞིག་ཀྱང་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།