འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་དབྱར་འབྲུར་སླར་ཡང་ལོ་ལེགས་བྱུང་བ།

    ལོ་རྒྱུས་ཀྱི་ཨང་གཉིས་པར་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་16ཉིན། 13:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་13ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་ཀྱི་དབྱར་འབྲུའི་ཐོན་སྐྱེད་གྲངས་གཞི་ལས་མངོན་པར། 2017ལོའི་རྒྱལ་ཡོངས་ཀྱི་དབྱར་འབྲུའི་ཐོན་འབོར་ཏུན་ཁྲི་14052ཟིན་ནས་2016ལོ་ལས་ཏུན་ཁྲི་131ཐོན་འཕར་བྱུང་བ་དང་འཕར་ཚད་0.9%ཟིན་པ་དེ་ནི་ལོ་རྒྱུས་ཀྱི་ཨང་གཉིས་པར་སླེབས་ཡོད། དེའི་ནང་འབྲུ་རིགས་ཀྱི་ཐོན་འབོར་ཏུན་ཁྲི་12948ཟིན་ནས་0.7%འཕར་བ་དང་། འབྲུ་རིགས་ཀྱི་ཁྲོད་གྲོའི་ཐོན་འབོར་ཏུན་ཁྲི་12735ཟིན་ནས་ཐོན་འཕར་ཏུན་ཁྲི་107བྱུང་ཡོད་པ་རེད།
           འདི་ལོའི་དབྱར་འབྲུ་འདེབས་ཁྱོན་ཅུང་ཉུང་དུ་བཏང་ནས་སྤྱི་ཆིང་སྟོང་27410ཟིན་པ་དེ་2016ལོ་སྤྱི་ཆིང་ལས་སྟོང་223ཉུང་དུ་བཏང་བ་དང་0.8%ཉུང་དུ་བཏང་ཡོད། དེའི་ནང་འབྲུ་རིགས་འདེབས་ཁྱོན་སྤྱི་ཆིང་སྟོང་23728ཟིན་ནས་ལོ་གོང་མ་ལས་1.2%ཉུང་དུ་ཕྱིན་པ་དང་། གྲོའི་འདེབས་ཁྱོན་སྤྱི་ཆིང་སྟོང་23149ཟིན་ནས་ལོ་གོང་མ་ལས་1.0%ཉུང་དུ་ཕྱིན་པ་རེད།
           དབྱར་འབྲུའི་འདེབས་ཁྱོན་ཅུང་ཉུང་དུ་ཕྱིན་ཡོད་མོད། འོན་ཀྱང་མུའུ་རེའི་ཐོན་འབབ་མང་དུ་ཕྱིན་ཡོད། 2017ལོར་རྒྱལ་ཡོངས་ཀྱི་དབྱར་འབྲུའི་རྒྱ་ཁྱོན་རྩིས་གཞིའི་ཐོན་འབོར་སྤྱི་ཆིང་རེར་སྤྱི་རྒྱ་5126ཟིན་ནས་ལོ་གོང་མ་ལས་སྤྱི་ཆིང་རེར་སྤྱི་རྒྱ་89འཕར་བ་དང་འཕར་ཚད་1.8%ཟིན་ཡོད། དེའི་ནང་འབྲུ་རིགས་རྒྱ་ཁྱོན་རྩིས་གཞིའི་ཐོན་འབོར་སྤྱི་ཆིང་རེར་སྤྱི་རྒྱ་5457ཟིན་ནས་འཕར་ཚད་1.9%ཟིན་ཡོད། འབྲུ་རིགས་ཀྱི་ཁྲོད་གྲོའི་རྒྱ་ཁྱོན་རྩིས་གཞིའི་ཐོན་འབོར་སྤྱི་ཆིང་རེར་སྤྱི་རྒྱ་5501ཟིན་ནས་འཕར་ཚད་1.9%ཟིན་ཡོད་པ་རེད།
           རྒྱལ་ཁབ་བསྡོམས་རྩིས་ཅུས་གྲོང་གསེབ་སིའི་མཐོ་རིམ་བསྡོམས་རྩིས་ཆེ་མོ་བ་ཧའུ་རུའེ་ཡིས་ངོ་སྤྲོད་བྱས་པར། དབྱར་འབྲུའི་འདེབས་ཁྱོན་ཉུང་དུ་ཕྱིན་པའི་རྒྱུ་རྐྱེན་གཙོ་བོ་གསུམ་ཡོད་པ་སྟེ། གཅིག་ནི་ས་གནས་ཁག་གིས་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་ཞིང་ལས་ཀྱི་འདེབས་འཛུགས་གྲུབ་ཆ་ལེགས་སྒྲིག་ཤུགས་ཆེན་བྱས་པ་དང་། ཐོན་འབབ་དམའ་བའི་ཞིང་ཁ་དང་ས་འོག་ཆུ་སྔོག་འདོན་ཚབས་ཆེན་བྱས་པའི་ས་ཁུལ་དུ་གྲོའི་ཐོན་འབབ་རིམ་བཞིན་ཉུང་དུ་ཕྱིན་པ། བ་དམ་དང་སྔོ་ཚལ་སོགས་དཔལ་འབྱོར་ལོ་ཏོག་འདེབས་འཛུགས་གཞི་ཁྱོན་ལོ་སྔོན་མ་དང་བསྡུར་ན་ཆེ་རུ་ཕྱིན་པ་བཅས་དང་། གཉིས་ནི་ན་ནིང་གི་སྟོན་དགུན་གཉིས་ཀྱི་རྨོ་འདེབས་བྱེད་རིང་འབྲི་ཆུའི་དབུས་སྨད་རྒྱུད་ཀྱི་ས་ཁུལ་ཁག་གཅིག་ལ་རྒྱུན་མཐུད་ཆར་པ་འབབ་པའི་གནམ་གཤིས་བསྟན་པས་ཆུ་འབྲས་དུས་ཐོག་ཏུ་བརྔ་བསྡུ་མ་ཐུབ་པའི་ཁར་ཞིང་ནང་དུ་བཞའ་ཚན་ཆེ་བས་གྲོ་དུས་ཐོག་ཏུ་འདེབས་མ་ཐུབ་པར་བརྟེན་ས་ཁུལ་ཁག་གཅིག་གི་དགུན་གྲོ་འདེབས་པའི་གཞི་ཁྱོན་ཆུང་དུ་ཕྱིན་པ། གཞན་ཡང་སྲིང་བལ་གྱི་དམིགས་ཚད་རིན་གོང་སྒྱུར་བཅོས་སྲིད་ཇུས་ལག་ལེན་བསྟར་བ་ལས་ཤིན་ཅང་གི་སྲིང་བལ་འདེབས་མཁན་ཞིང་པའི་སྲིང་བལ་འདེབས་པའི་ཧུར་སེམས་ཆེ་རུ་ཕྱིན་པས་གྲོ་མ་བཏབ་པར་སྲིང་བལ་འདེབས་ཁྱོན་ཆེ་རུ་བཏང་བ་བཅས་སོ།
      

    ཕྱོགས་བསྡུས་གསར་འགྱུར།