འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།འཛམ་གླིང་ཡང་རྩེའི་སྣོད་བཅུད་སྲུང་ཡོལ་ཡིན་པའི་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་
    བྱུང་སྲུང་སྐྱོང་ཁུལ་བསྐྲུན་ནས་ལོ་30ཙམ་སོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་14ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “གོ་ལ་ཧྲིལ་པོའི་ཐོག་སྟོངས་ལ་ཉེ་བའི་གསའ་100ཙམ་ལས་མེད་པ་ནས་200ལྷག་ཙམ་བར་མང་དུ་ཕྱིན་ཡོད། དེ་ཐོག་ནས་ལོ་འདི་དག་ནང་རྒྱལ་ཁབ་ཀྱིས་ཇོ་མོ་གླང་མའི་ཁུལ་དུ་སྲུང་སྐྱོང་སྲིད་ཇུས་ལག་བསྟར་བྱས་པར་ཕན་ནུས་ཆེན་པོ་ཐོན་པ་མཚོན་གྱི་ཡོད”ཅེས་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐལ་བཟང་གིས་གསར་འགོད་པར་དེ་ལྟར་བརྗོད།
           རྒྱ་ཁྱོན་སྤྱི་ལེ་ངོས་གྲུ33819དང་ས་བབ་ཀྱི་ཧེ་བག་སྨི་7400ལྷག་ཙམ་ཟིན་པའི་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་དུ་གོ་ལ་ཧྲིལ་པོའི་ཐོག་ཕུན་སུམ་ཚོགས་ཤོས་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་ཡོད་པ་རེད། སྲུང་སྐྱོང་ཁུལ་བསྐྲུན་ནས་ལོ་30ཙམ་སོང་རིང་ནགས་ཚལ་ཁྱབ་ཚད་14.85%ནས་17.3%བར་དུ་མང་དུ་ཕྱིན་ཡོད་པ་དང་། རྩ་ཆེའི་རྩི་ཤིང་རིགས་202མང་དུ་ཕྱིན་པ། སྐམ་སའི་སྒལ་རུས་ཅན་གྱི་སྲོག་ཆགས་རིགས་77མང་དུ་ཕྱིན་པ་དང་ལྷག་པར་དུ་རང་རྒྱལ་ལ་དམིགས་སུ་ཡོད་པའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་རྐྱང་གི་གྲངས་འབོར་མགྱོགས་མྱུར་འཕར་ནས་ད་ཆ་སྲུང་སྐྱོང་ཁུལ་ནང་གི་ཕྱོགས་གང་སར་མཐོང་རྒྱུ་ཡོད་པ་རེད། འཛམ་གླིང་ཡང་རྩེར་ད་ཆ་བདག་ཏུ་མ་བཟུང་བའི་སྲོག་ཆགས་མང་ལ་སྐྱེ་དངོས་ཀྱི་རྒྱལ་ཁམས་ཤིག་ཏུ་གྱུར་ཡོད་པ་རེད།
           སྲུང་སྐྱོང་ཁུལ་བསྐྲུན་པ་ནས་བཟུང་། གྲོང་མིས“ཤིང་བཅད་ནས་ཁང་པ་རྒྱག་པ་དང་། རྩི་ཤིང་བསྲེགས་ནས་ས་རྒོད་སློག་པ། སྲོག་ཆགས་བསད་ནས་པགས་པས་གྱོན་གོས་བཟོ་བ་དང་ཤ་ཟ་བ་སོགས”ཀྱི་སྲོལ་རྒྱུན་ངན་པ་རྣམས་རྦད་དེ་འགྱུར་ལྡོག་ཕྱིན་ཡོད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་སྐྲུན་མ་ཐག་པའི་སྐབས་སུ་ཞིང་འབྲོག་པའི་ཐོན་སྐྱེད་བྱ་ཐབས་ལ་འགྱུར་ལྡོག་གཏོང་རྒྱུར་ཤུགས་རྒྱག་འགོ་ཚུགས་པ་སྟེ། གཅིག་ནས་རྔོན་རྒྱག་འགོག་པ་དང་། རི་རྒྱ་བསྡམས་ནས་ནགས་གསོ་དང་། རྨོ་བསྐྱུར་ནགས་གསོ། རྩྭ་བསྐྱུར་ནགས་གསོ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཟུང་འབྲེལ་བྱས་ནས་ཞིང་འབྲོག་པའི་སྟབས་བདེ་རགས་ལས་ཀྱི“རི་ཁའི་ལྟོ་བརྟེན་རི་ཡིན་པ”ནས“རི་སྐྱོང་རི་བརྟེན་བྱེད་པར”འགྱུར་བ་བྱས་པ་དང་། གཉིས་ནས་ཞིང་འབྲོག་པའི་མིང་ཐོབ་ལ་འགྱུར་ལྡོག་བཏང་ནས་ལོ་ན་གཞོན་པ་དང་འཇོན་ཐང་ལྡན་པའི་ཞིང་འབྲོག་པ་ནགས་ཚལ་སྲུང་སྐྱོང་མཁན་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་མཁན་ལ་འགྱུར་བ་བྱས་ཡོད་པ་རེད།
         “ལོ་དེ་དག་རིང་ང་ཚོས་ནགས་ཚལ་ཁུལ་དང་འབྲོག་ཁུལ་ནས་ས་ཆ་དེ་གའི་ཞིང་འབྲོག་པ་མང་པོ་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་མཁན་དང་ནགས་སྲུང་མཁན་ལ་གདན་དྲངས་པ་དང་། ཁོང་ཚོའི་ཟླ་རེའི་གླ་ཆ་སྒོར་1800ནས་2200ཟིན་པའི་ཁར་ནགས་སྲུང་མཁན་ལ་སྲིད་གཞུང་གིས་ལོ་ལྟར་ཁ་གསབ་རོགས་དངུལ་སྒོར་7000སྤྲོད་པ་མ་ཟད། ད་དུང་བྱ་དགའ་ཆད་གཅོད་ཀྱི་ལམ་སྲོལ་བཙུགས་ཡོད། སྣོད་བཅུད་སྤྱི་ཕན་ལས་གནས་དེ་དག་གིས་ས་གནས་དེ་གའི་གྲོང་མི་དང་སྣོད་བཅུད་སྲུང་སྐྱོང་དབར་གྱི་འགལ་ཟླ་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནགས་ལས་ཐིང་གི་ཐིང་ཀྲང་ཡོན་ཏན་གྱིས་དེ་ལྟར་ངོས་འཛིན་བྱས།
          “མ་གཞི་ཇོ་མོ་གླང་མའི་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ཁོར་ཡུག་སྤྱིའི་ཆ་ནས་ལེགས་སུ་ཕྱིན་མོད། འོན་ཀྱང་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་ཕྱིན་པ་དེས་དེ་ཁུལ་དུ་འཚོ་གནས་བྱེད་པའི་སྲོག་ཆགས་ཀྱི་སྣ་མང་རང་བཞིན་ལ་མངོན་མེད་རྐྱེན་ངན་ཆེན་པོ་འཕྲད་བཞིན་ཡོད་པས་གོ་ལ་ཧྲིལ་པོས་དེར་མཐོང་ཆེན་དང་དོགས་ཟོན་བྱེད་དགོས་ཀྱི་ཡོད། མཚོ་བོད་ས་མཐོ་ནི་ཨེ་ཤེ་ཡ་ཙམ་མ་ཟད། ཐ་ན་གོ་ལ་ཧྲིལ་པོའི་གནམ་གཤིས་ཀྱི“སྙོམས་སྒྲིག་ཡོ་བྱད”དང“སྒུལ་བྱེད་ཡོ་བྱད”ལྟ་བུ་ཞིག་རེད། ཉེ་བའི་ལོ་50ཡི་རིང་མཚོ་བོད་ས་མཐོའི་གྲུབ་ཆ་གཙོ་བོའི་ཆ་ཤས་ཡིན་པའི་ཇོ་མོ་གླང་མའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་གནམ་གཤིས་རྒྱུན་མཐུད་དྲོ་རུ་ཕྱིན་ནས་འཁྱགས་རོམ་བཞུར་བ་མངོན་གསལ་དོད་དུ་ཕྱིན་པ་དང་། འཁྱགས་མཚེའུ་ཡི་རྒྱ་ཁྱོན་ཆེ་རུ་ཕྱིན་པ། ཆུ་བོ་རྒྱུག་ཤུགས་ཆེ་རུ་ཕྱིན་པ་བཅས་ཀྱིས་སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་འཛུགས་སྐྱོང་དང་ལྟ་སྐྱོང་ནུས་ལྡན་བྱེད་རྒྱུར་སྔར་ན་མེད་པའི་འགྲན་སློང་ཆེན་པོ་འཕྲད་ཡོད”ཅེས་ཇོ་མོ་གླང་མའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་སྣོད་བཅུད་ཞིབ་འཇུག་ཁོའོ་ཡི་ཁོའོ་ཀྲང་ལྷག་པ་ཚེ་རིང་གིས་དེ་ལྟར་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།