འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཅིབ་སོགས་རྒྱལ་ཁབ་བཞི་ཡིས་བླང་བྱ་13བཏོན་པར་ཁ་ཐར་གྱིས་ལན་བཏབ་ཚུལ་
    ལ་ཡི་མི་རང་བ་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 17:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨེ་ཅིབ་སོགས་རྒྱལ་ཁབ་བཞི་ཡིས་བླང་བྱ་13བཏོན་པར་ཁ་ཐར་གྱིས་ལན་བཏབ་ཚུལ་
ལ་ཡི་མི་རང་བ་ཞེས་བརྗོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་5ཉིན། ཨ་ཅིབ་དང་སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པ་རེན་བཅས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་ཁ་རོ་རུ་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་རྒྱལ་ཁབ་བཞི་ཡིས་བཏོན་པའི་བླང་བྱ་13ལ་ཁ་ཐར་གྱིས་ལན་བཏབ་ཚུལ་ལ་ཡི་མི་རང་བ་ཞེས་བཤད་པ་རེད།
         ཨེ་ཅིབ་ཕྱི་འབྲེལ་པུའུ་ཀྲང་སུའུ་ཁའེ་ལི་ཡིས་རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གི་ཚོགས་འདུ་གྲོལ་རྗེས་ཀྱི་མཉམ་འབྲེལ་གསར་འགོད་པའི་ཚོགས་འདུའི་ཐོག་གསལ་བསྒྲགས་འདི་སྒྲོག་སྦྱང་བྱས་པ་སྟེ། གསལ་བསྒྲགས་ཀྱི་ནང་དུ་ཁ་ཐར་གྱིས་ལན་བཏབ་ཚུལ་ནི་“ཕན་ནུས་མེད་པ་མ་ཟད་དོན་དངོས་དང་མཐུན་པའི་ནང་དོན་མེད་པས”རྒྱལ་ཁབ་བཞི་ལ་ཡི་རང་དུ་འཇུག་དཀའ་བ་རེད་ཅེས་བཤད་པ་རེད།
         སུའུ་ལི་ཡིས་རྒྱལ་ཁབ་བཞི་ཡིས་ཁ་ཐར་གྱིས་འཇིགས་སྐུལ་རིང་ལུགས་དང་ཐལ་ཆེ་བའི་རིང་ལུགས་ལ་རྒྱབ་སྐྱོར་བྱེད་སྟངས་ལ་བཟོད་སྒོམ་སྤུ་ཙམ་ཡང་བྱེད་ཐབས་མེད། ཉེ་ཆར་རྒྱལ་ཁབ་བཞིའི་ཕྱི་འབྲེལ་པུའུ་ཀྲང་གིས་པ་རེན་དུ་རྗེས་མའི་ཁ་གཏད་འཇལ་ཐབས་ཡང་བསྐྱར་གྲོས་བསྡུར་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད། 
         སོ་ཏི་ཨ་རབ་ཀྱི་ཕྱི་འབྲེལ་བློན་ཆེན་ཀྲུའུ་པའེ་ཨེར་གྱིས་གསར་འགོད་པའི་ཚོགས་འདུའི་ཐོག་དུས་ཚོད་འོས་འཚམས་ཀྱི་སྐབས་སུ་རྒྱལ་ཁབ་བཞི་ཡིས་ཁ་ཐར་གྱི་ལན་བཏབ་ཚུལ་ལ་ཨ་ལན་སློག་གི་ཡིན་པ་དང་། མིག་སྔར་ཁ་ཐར་ལ་བྱེད་བཞིན་པའི་བཀག་སྡོམ་མུ་མཐུད་ནས་བྱ་རྒྱུ་རེད་ཅེས་བཤད་པ་རེད།
         གཞན་ཡང་ཨེ་ཅིབ་གཞུང་ཕྱོགས་ཀྱི་གསར་འགྱུར་ཁང་དབུས་ཤར་གསར་འགྱུར་ཁང་གི་གནས་འཕྲིན་སྤེལ་བར་གཞིགས་ན། ཨ་རིའི་སྲིད་འཛིན་ཐེ་རོམ་ཕུ་ཡིས་ཚེས་5ཉིན་ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཞི་ལ་ཁ་པར་གཏོང་རེས་བྱེད་སྐབས་ཁ་ཐར་དང་འབྲེལ་ཐག་གཅོད་པའི་རྩོད་གཞི་དང་འབྲེལ་བ་ཡོད་པའི་ཕྱོགས་ཁག་གིས་དགེ་མཚན་ལྡན་པའི་གྲོས་མོལ་བྱེད་ཐབས་ལ་བརྟེན་ནས་གནད་དོན་ཐག་གཅོད་དགོས་ཞེས་བསྟན་པ་རེད།
         གནས་འཕྲིན་སྤེལ་བར་གཞིགས་ན། བླང་བྱ་13གྱི་ནང་དུ་ཁཱ་ཐར་གྱིས་དབྱི་རག་ཏུ་བཅའ་སྡོད་ཕྱི་འབྲེལ་མི་སྣ་ཕྱིར་འཐེན་བྱ་དགོས་པ་དང་། དབྱི་རག་དང་དམག་དོན་མཉམ་ལས་མཐའ་དག་མཚམས་འཇོག་དགོས་པ། ཕྱེད་གླིང་གི་བརྙན་འཕྲིན་ཁང་དང་དེ་བཞིན་དེའི་ཁོངས་གཏོགས་ཀྱི་འཕྲིན་ལམ་མཐའ་དག་གི་སྒོ་རྒྱག་དགོས་པ། ཁ་ཐར་གྱི་མངའ་ཁོངས་སུ་ཐུར་ཁེའི་དམག་དོན་རྟེན་གཞི་འཛུགས་མཚམས་འཇོག་དགོས་པ། "དབྱི་སི་ལན་རྒྱལ་ཁབ་"དང"རྟེན་གཞི"རྩ་འཛུགས་སོགས་ཐལ་ཆེ་བའི་འཇིགས་སྐུལ་རྩ་འཛུགས་སོགས་དང་འབྲེལ་བ་ཡོད་ཚད་བྱེད་མཚམས་གཅོད་དགོས་པ་མ་ཟད། རྒྱལ་ཁབ་བཞི་ནས་ཡོང་བའི་འཇིགས་སྐུལ་པ་ཚང་མ་ཕྱིར་ལོག་གཏོང་དགོས་པ་སོགས་འདུས་ཡོད་པ་རེད། ཁཱ་ཐར་ཕྱོགས་ཀྱིས་རྒྱལ་ཁབ་བཞི་ཡིས་བཏོན་པའི་བླང་བྱ་ནི་ཁ་ཐར་གྱི་བདག་དབང་ལ་ཚོད་འཛིན་བྱས་པ་ཡིན་མོད། འོན་ཀྱང་ཁ་ཐར་གྱིས་འོས་ཤིང་འཚམས་པའི་རྩ་དོན་དང་ཆ་རྐྱེན་འོག་གོམ་གང་མདུན་སྤོས་ཀྱིས་གྲོས་མོལ་བྱེད་འདོད་ཡོད་ཅེས་བསྟན་པ་རེད། 
         རྒྱལ་ཁབ་བཞི་ཡིས་ཟླ་7ཚེས་3ཉིན་མཉམ་འབྲེལ་གསལ་བསྒྲགས་སྤེལ་ནས་ཁ་ཐར་གྱིས་བླང་བྱ་13ལ་ལན་འདེབས་རྒྱུའི་མཐའ་མའི་དུས་བཀག་ཆུ་ཚོད་48བསྲིང་རྒྱུ་ཡིན་ཞེས་བསྟན་པ་རེད། ཚེས་5ཉིན་གྱི་དུས་སྔ་ཙམ་དུ་རྒྱལ་ཁབ་བཞི་ཡིས་ཁ་ཐར་གྱིས་འབྲེལ་ཐག་གཅོད་པའི་ཉམས་ཉེན་ཆ་རྐྱེན་ཐག་གཅོད་བྱ་རྒྱུའི་ལན་དངོས་སུ་འབྱོར་བ་ཁས་བླངས་པ་དང་། "དུས་ཚོད་འོས་ཤིང་མཚམས་པར"ཨ་ལན་སློག་རྒྱུ་ཡིན་ཞེས་བསྟན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།