འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའུ་ཡིས་རྒྱ་གར་ཕྱོགས་ཀྱིས་ཁྲིམས་དང་འགལ་ནས་རྒྱལ་མཚམས་ལས་བརྒལ་
    བའི་དམག་དཔུང་འཕྲལ་མར་ཕྱིར་འཐེན་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནོར་
    འཁྲུལ་ཡོ་བསྲང་བྱ་དགོས་ཞེས་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་06ཉིན། 15:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་5ཉིན། ཕྱི་འབྲེལ་པུའུ་ཡི་མགྲིན་ཚབ་པ་ཀེང་ཧྲོན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་མིག་སྔར་རྒྱ་གར་གྱི་དམག་དཔུང་སྔར་བཞིན་ཀྲུང་གོའི་མངའ་ཁོངས་སུ་བསྡད་ཡོད་པ་དང་། གནས་ཚུལ་ད་དུང་ཐག་གཅོད་བྱས་མེད་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ལ་ཁྲིམས་དང་འགལ་ནས་རྒྱལ་མཚམས་ལས་བརྒལ་བའི་དམག་དཔུང་འཕྲལ་མར་མཐའ་མཚམས་ས་ཐིག་གི་རྒྱ་གར་གྱི་གཞོགས་སུ་ཕྱིར་འཐེན་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནོར་འཁྲུལ་ཡོ་བསྲང་བྱ་དགོས་ཞེས་བླང་བྱ་བཏོན་པ་རེད།
         གསར་འགོད་པ་ཞིག་གིས་ཉེ་ཆར་རྒྱ་གར་གྱི་སྨྱན་སྦྱོར་ལས་ཁུངས་ཀྱིས་གནས་འཕྲིན་སྤེལ་ནས་རྒྱ་གར་སྐམ་དམག་གི་མགྲིན་ཚབ་པས་གསལ་བསྒྲགས་སྤེལ་ཏེ། ཐེངས་འདི་ཕན་ཚུན་སྲ་འཛིན་བྱས་པ་ནི་ཀྲུང་རྒྱ་རྒྱལ་ཁབ་གཉིས་བར་1962ལོ་ནས་བཟུང་ཕན་ཚུན་སྲ་འཛིན་བྱེད་ཡུན་རིང་ཤོས་ཤིག་མ་ཡིན་པ་དང་། ཀྲུང་རྒྱ་རྒྱལ་ཁབ་གཉིས་ཀྱི་དམག་དཔུང་གཉིས་བར་གྱི་འབྲེལ་བ་དོ་དམ་ཧ་ཅང་ལེགས་པོ་བྱེད་ཀྱི་ཡོད། གཞན་ཡང་། ཟླ་བ་སྔོན་མར་རྒྱ་གར་གྱི་སྲིད་བློན་མོ་ཏི་ཡིས་ཀྲུང་རྒྱ་རྒྱལ་ཁབ་གཉིས་བར་དུ་མཐའ་མཚམས་ཀྱི་གནད་དོན་ཡོད་མོད། འོན་ཀྱང་ལོ་40རིང་མེ་མདའ་བརྒྱབ་པའི་དོན་རྐྱེན་གཅིག་ཀྱང་བྱུང་མེད་ཅེས་བསྟན་མྱོང་བཤད་པ་རེད། ཀྲུང་གོའི་ཕྱོགས་ཀྱིས་དེའི་ཐད་ལ་དཔྱད་གཏམ་བརྗོད་རྒྱུ་གང་ཡོད་དམ། ཐེངས་འདིའི་དོན་རྐྱེན་གྱིས་ཀྲུང་རྒྱ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད་དམ་ཞེས་དྲིས་པ་རེད།
         རྒྱ་གར་ཕྱོགས་ཀྱིས་འབྲེལ་ཡོད་ཀྱི་རྣམ་འགྱུར་ལ། ཀེང་ཧྲོན་གྱིས་མཐའ་མཚམས་གནད་དོན་ཐག་གཅོད་བྱ་རྒྱུ་ནི་ཀྲུང་གོ་དང་རྒྱ་གར་རྒྱལ་ཁབ་གཉིས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་པ་ཡིན་པས། དེ་ནི་ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་འབད་བརྩོན་ཆེན་པོས་མངོན་འགྱུར་བྱེད་བཞིན་པའི་འཐབ་ཇུས་དམིགས་ཡུལ་ཡིན་ཞིང་། དོན་དངོས་ཐོག་ཀྲུང་རྒྱ་རྒྱལ་ཁབ་གཉིས་བར་སྔ་ནས་ད་བར་མཐའ་མཚམས་གནད་དོན་གྱི་ཆེད་བསྐོས་འཐུས་ཚབ་ཞལ་འཛོམས་རྐྱེན་སྲོལ་ལ་བརྟེན་ནས་མཐའ་མཚམས་ཀྱི་གནད་དོན་ཐག་གཅོད་བྱེད་ཐབས་ཞིབ་དཔྱད་བྱེད་ཀྱི་ཡོད་ལ། དུས་མཚུངས་སུ་ཐུན་མོང་ཐོག་བྱེད་ཐབས་ལག་བསྟར་བྱས་ཏེ་མཐའ་མཚམས་ས་ཁུལ་དུ་ཞི་བདེ་དང་བདེ་འཇགས་ཡོང་བར་སྲུང་སྐྱོང་ཡང་བྱས་ཡོད་ཅེས་བཤད་པ་རེད།
         ཁོང་གིས་ཐེངས་འདིའི་རྒྱ་གར་གྱི་དམག་དཔུང་ཁྲིམས་དང་འགལ་ནས་ཀྲུང་རྒྱ་རྒྱལ་ཁབ་གཉིས་བར་མཐའ་མཚམས་ཏེ་ཀྲུང་གོའི་ཕྱོགས་ཀྱི་འབྲས་ལྗོངས་ས་མཚམས་སུ་འཛུལ་བ་འདི་ནི་ངོ་བོ་ཧ་ཅང་ཚབས་ཆེ་བ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཕྱི་འབྲེལ་དང་མཐའ་སྲུང་ཞལ་འཛོམས་ཐབས་ལམ་ལ་བརྟེན་ནས་རྒྱ་གར་གྱི་ཕྱོགས་ལ་སྐད་ཆ་ནན་པོ་བྱེད་ཀྱི་ཡིན་ལ་། ཀྲུང་གོའི་ཕྱོགས་ཀྱིས་སྔར་ལས་ཚབས་ཆེ་བའི་དོན་རྐྱེན་མི་ཐོན་པ་དང་། སྔར་ལས་ཚབས་ཆེ་བའི་མཇུག་འབྲས་མི་ཡོང་བར་བྱ་ཕྱིར། རྒྱ་གར་ཕྱོགས་ཀྱིས་རྒྱལ་མཚམས་ལས་བརྒལ་བའི་དམག་དཔུང་ཡོད་ཚད་འཕྲལ་མར་མཐའ་མཚམས་ས་ཐིག་གི་རྒྱ་གར་གཞོགས་སུ་ཕྱིར་འཐེན་བྱ་དགོས། འདི་ནི་མིག་སྔའི་དོན་རྐྱེན་འདི་ཐག་གཅོད་བྱ་རྒྱུའི་སྔོན་འགྲོའི་ཆ་རྐྱེན་དང་རྨང་གཞི་ཡིན་ཞེས་བསྐྱར་བསྒྲགས་སླར་ཡང་ཐེངས་ཤིག་བྱེད་ཀྱི་ཡིན་ཞེས་བསྟན་པ་རེད།
         ཀེང་ཧྲོན་གྱིས་རྒྱ་གར་ཕྱོགས་ཀྱིས་དེ་སྔོན་ཀྲུང་རྒྱ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་པ་དང་། ཕྱོགས་གཉིས་ཀའི་ཐུན་མོང་གི་ཁེ་ཕན་རྒྱ་བསྐྱེད་པ་དང་ཕྱོགས་འགལ་ཐག་གཅོད་འོས་འཚམས་བྱེད་འདོད་ཡོད་ཅེས་ཐེངས་མང་བཤད་མྱོང་བ་རེད།  ཀྲུང་གོའི་ཕྱོགས་ཀྱིས་རྒྱ་གར་ཕྱོགས་ཀྱིས་ཁྲིམས་དང་འགལ་ནས་རྒྱལ་མཚམས་ལས་བརྒལ་བའི་མཐའ་སྲུང་དམག་དཔུང་འཕྲལ་མར་མཐའ་མཚམས་ས་ཐིག་རྒྱ་གར་ཕྱོགས་ཀྱི་གཞོགས་སུ་ཕྱིར་འཐེན་བྱས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ནོར་འཁྲུལ་ཡོ་བསྲང་བྱ་དགོས་པའི་བླང་བྱ་འདོན་གྱི་ཡིན་ཞེས་བཤད་པ་རེད། 
         བདེན་དཔང་གཞན་གྱི་སྐོར་ལ་ཀེང་ཧྲོན་གྱིས་གོམ་གང་མདུན་སྤོས་ཀྱི་སྒོ་ནས་ངོ་སྤྲོད་བྱས་པར། 1960ལོའི་ཟླ་2ཚེས་12ཉིན། ཀྲུང་གོར་བཅའ་སྡོད་རྒྱ་གར་གྱི་གཞུང་ཚབ་ཆེ་མོ་ཁང་གིས་ཀྲུང་གོའི་ཕྱི་འབྲེལ་པུའུ་ལ་སྤྲད་པའི་གཟིགས་མཁྱེན་སྤྲིངས་ཡིག་གི་ནང་དུ"རྒྱ་གར་སྲིད་གཞུང་གིས་ཀྲུང་གོའི་གཟིགས་མཁྱེན་སྤྲིངས་ཡིག་གི་ནང་དུ་འབྲས་ལྗོངས་དང་འབྲུག་ཡུལ་ཕྱོགས་གཅིག་དང་བོད་ལྗོངས་ཕྱོགས་གཞན་ཞིག་བར་གྱི་མཐའ་མཚམས་གྱི་འགྲེལ་བཤད་ལ་དགའ་བསུ་ཞུ་རྒྱུ་ཡིན། ཀྲུང་གོའི་གཟིགས་མཁྱེན་སྤྲིངས་ཡིག་གི་ནང་དུ་འབྲས་ལྗོངས་དང་ཀྲུང་གོའི་བོད་ལྗོངས་ས་གནས་བར་གྱི་མཐའ་མཚམས་ནི་སྔ་ས་ནས་དབྱེ་མཚམས་གཏན་འཁེལ་དངོས་སུ་བྱས་ཡོད་པ་དང་། ས་བཀྲ་འབྲི་སྟངས་ཐད་ལ་མི་མཐུན་པ་གང་ཡང་མེད་ལ། ལག་ལེན་བསྟར་རིང་དུའང་རྩོད་གཞི་གང་ཡང་བྱུང་མེད་ཅེས་བཤད་པ་རེད། རྒྱ་གར་སྲིད་གཞུང་གིས་མཐའ་མཚམས་འདི་ནི་ས་ངོས་སུའང་རྟགས་བཀོད་ཟིན་ཡོད་གསལ་བཤད་ཁ་གསབ་བྱེད་འདོད་ཡོད"ཅེས་བསྟན་པ་རེད། གོང་གསལ་འདི་ནི་རྒྱ་གར་གྱི་གཟིགས་མཁྱེན་སྤྲིངས་ཡིག་གི་ནང་དོན་རེད་ཅེས་ཀོན་ཧྲོན་གྱིས་བཤད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།