འཚོལ་བཤེར།   
藏文频道
2017ལོའི་ཟླ་7ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སྤྱི་བདེ་ལས་ཁུངས་ཀྱིས་དྲ་སྦྲེལ་དང་འབྲེལ་བ་ཡོད་པའི་བཟའ་བཅའི་བདེ་འཇགས་ཉེས་གསོག་
    ལ་རྡུང་རྡེག་ཚ་ནན་བཏང་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 07ཚེས་05ཉིན། 16:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། འདི་ལོ་ཤར་ཚུན། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱིས་བཟའ་བཅའི་ཁྱབ་ཁོངས་ཀྱིས་གཙོ་གནད་བྱས་པའི་ཅ་དངོས་རྫུས་མར་རྡུང་རྡེག་གཏོང་བའི་“སྤུ་གྲི་རྣོན་པོའི”བྱ་སྤྱོད་གཏིང་ཟབ་དང་རྒྱུན་མཐུད་སྤེལ་ཞིང་། རང་འགུལ་ངང་སྔོན་འགོག་དང་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཐོག་མ་ཉིད་ནས་བཅོས་སྒྲིག་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ། ལྷག་པར་དུ་བཟའ་བཅའི་བདེ་འཇགས་ཉེས་གསོག་དྲ་སྦྲེལ་ལ་ཁྱབ་པའི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ཏེ་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་ཆེད་དོན་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། ཨ་ལི་པ་པ་སོགས་དྲ་ཐོག་ཚོང་དོན་ལས་སྟེགས་དང་དྲ་སྦྲེལ་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ཉེས་གསོག་རྩད་ཞིབ་ཐག་གཅོད་ཀྱི་མཉམ་འགུལ་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པ་ལས། དྲ་ཐོག་དང་དྲ་འོག་ཏུ་མཉམ་འགུལ་རྡུང་རྡེག་གི་རྣམ་པ་ཞིག་ཆགས་ཡོད། ལོ་སྟོད་ལ་ས་གནས་ཁག་ནས་བཟའ་བཅའི་བདེ་འཇགས་ཉེས་གསོག་གྱོད་གཞི་3500ལྷག་ཙམ་རྩད་ཆོད་པ་དང་། སྤྱི་བདེ་པུས་བཟའ་བཅའི་བདེ་འཇགས་ཀྱི་ཉེས་གསོག་གྱོད་གཞི་ཚབས་ཆེན་80ལྷག་ཙམ་བྱང་འགེལ་སྒྲུབ་སྐུལ་བྱས་པའི་ནང་དྲ་སྦྲེལ་དང་འབྲེལ་བ་ཡོད་པའི་ཉེས་གསོག་གྱོད་གཞིས་40%ཡན་བཟུང་ཡོད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་། སྤྱི་བདེ་ལས་ཁུངས་ཀྱིས་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་སོགས་འབྲེལ་ཡོད་སྡེ་ཚན་དང་མཉམ་དུ་རྡུང་རྡེག་བཅོས་སྒྲིག་བྱ་སྤྱོད་རབ་དང་རིམ་པ་རྒྱུན་མཐུད་སྤེལ་བར་གྲུབ་འབྲས་མངོན་གསལ་ཐོབ་མོད། འོན་ཏེ་དྲ་སྦྲེལ་དང་ཟོག་འགྲེམས་སོགས་ཀྱི་ཐབས་ལམ་སྤྱད་ནས་ཉེས་པ་གསོག་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པ་རྒྱུན་ཆད་མེད་པར་ཐོན་ཞིང་། ཁྲིམས་འགལ་བས་དྲ་ཐོག་ཚོང་དོན་དང་སྐད་འཕྲིན་ཚོང་དོན་ལས་སྟེགས་བརྒྱུད་དུག་ལྡན་དང་། གནོད་པ་ཆེ་བ། རྫུན་ལྷད་ཞན་གསུམ་གྱི་བཟའ་བཅའ་འཚོང་བའི་གནད་དོན་ཅུང་མངོན་གསལ་དོད་པ་ཡོད་པ་རེད།
          སྤྱི་བདེ་པུའི་འབྲེལ་ཡོད་འགན་འཁུར་མི་སྣས་དྲ་སྦྲེལ་ནི་ཁྲིམས་འགལ་ཉེས་གསོག་གི“ཁྲིམས་རྒྱར་མ་ཚུད་པའི་གནས”ཤིག་མིན། དྲ་སྦྲེལ་གྱི་བཟའ་བཅའི་བདེ་འཇགས་ཉེས་གསོག་གི“ཀོ་མོག་ཏུ”འགྱུར་དུ་གཏན་ནས་འཇུག་མི་རུང་། འབྲེལ་ཡོད་དྲ་སྦྲེལ་ཁེ་ལས་ཀྱིས་《བཟའ་བཅའི་བདེ་འཇགས་བཅའ་ཁྲིམས་》སོགས་ཁྲིམས་ལུགས་ཁྲིམས་སྲོལ་གྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་དགོས་ཞེས་བསྟན་པ་རེད།
          ཉིན་ཤས་གོང་། 2017ལོའི“རྒྱལ་ཡོངས་བཟའ་བཅའི་བདེ་འཇགས་དྲིལ་བསྒྲགས་གཟའ་འཁོར”གྱི་སྤྱིའི་བཀོད་སྒྲིག་གཞིར་བཟུང་། སྤྱི་བདེ་པུས་ཅ་དངོས་རྫུན་མར་རྡུང་རྡེག་གི“སྤུ་གྲི་རྣོན་པོའི”བྱ་སྤྱོད་སྤེལ་རིང་སྤྱི་བདེ་པུས་རྩད་ཆོད་པའི་བཟའ་བཅའི་བདེ་འཇགས་ཉེས་གསོག་གི་དཔེ་མཚོན་གྱོད་གཞི་ཁག་གཅིག་ཡོངས་བསྒྲགས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།