འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་དུ་རྒྱལ་ཁབ་ས་རྒྱུའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་རགས་ཙམ་བསྐྲུན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་23ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་21ཉིན་ཁོར་ཡུག་སྲུང་སྐྱོང་པུའི་ས་རྒྱུ་ཁོར་ཡུག་དོ་དམ་སིའི་སི་ཀྲང་ཆིའུ་ཆི་ཝུན་གྱིས་རང་རྒྱལ་དུ་ས་རྒྱུའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་སྐྲུན་བཞིན་ཡོད། མིག་སྔའི་བར་རྨང་གཞིའི་ཚིགས་གནས་ཁྲི་2ཡས་མས་བཀོད་སྒྲིག་བྱས་པ་དག་རྫོང་99%དང་། ས་རྒྱུའི་རིགས་སྣ་98% འབྲུ་རིགས་ཐོན་སྐྱེད་ཁུལ་གཙོ་གྲས་88%བཅས་ལ་ཁྱབ་ནས་རྒྱལ་ཁབ་ས་རྒྱུའི་ཁོར་ཡུག་ལྟ་ཞིབ་ཚད་ལེན་དྲ་བ་ཞིག་རགས་ཙམ་བསྐྲུན་ཡོད། ས་རྒྱུར་སྦགས་བཙོག་ཕོག་ཚུལ་བརྟག་དཔྱད་ཞིབ་ཕྲ་བྱས་རྗེས་སྤྱི་ཚོགས་ལ་བརྟག་དཔྱད་བྱས་འབྲས་ཡོངས་བསྒྲགས་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།
          ན་ནིང་ཟླ་ལྔ་པར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《ས་རྒྱུའི་སྦགས་བཙོག་འགོག་བཅོས་བྱ་སྤྱོད་འཆར་གཞི་》སྟེ“ས་རྒྱུའི་སྐོར་གྱི་དོན་ཚན་བཅུ”པར་འགྲེམས་བྱས་པ་ནི་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་རང་རྒྱལ་གྱི་ས་རྒྱུའི་སྦགས་བཙོག་འགོག་བཅོས་ལས་དོན་གྱི་བྱ་སྤྱོད་ཀྱི་རྩ་འཛིན་ཞིག་རེད། ཁོར་ཡུག་སྲུང་སྐྱོང་པུས་གོང་ཚེས་ཉིན་འཚོགས་པའི་འཆར་ཅན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཆིའུ་ཆི་ཝུན་གྱིས་ས་རྒྱུར་སྦགས་བཙོག་ཕོག་ཚུལ་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱ་རྒྱུ་ནི་ས་རྒྱུའི་སྦགས་བཙོག་འགོག་བཅོས་དང་ལྟ་སྐུལ་དོ་དམ་ལས་དོན་སྤེལ་བའི་རྨང་གཞི་གལ་ཆེན་ཞིག་རེད། ཁོར་ཡུག་སྲུང་སྐྱོང་པུས་ས་རྒྱུར་སྦགས་བཙོག་ཕོག་ཚུལ་བརྟག་དཔྱད་ཞིབ་ཕྲ་ཕྱོགས་ཡོངས་ནས་བྱེད་འགོ་བཙུགས་ཡོད། ད་རེས་སྔོན་མ་བརྟག་དཔྱད་བྱས་པའི་རྨང་གཞིའི་ཐོག་ཞིང་སྤྱོད་ས་ཆ་དང་གཙོ་གནད་ལས་རིགས་ཁེ་ལས་ཀྱིས་སྤྱོད་པའི་ས་ཆ་གཙོ་བོར་བཟུང་སྟེ་2018ལོའི་ལོ་མཇུག་གོང་དུ་ཞིང་སྤྱོད་ས་ཆར་སྦགས་བཙོག་ཕོག་པའི་རྒྱ་ཁྱོན་དང་། ཁྱབ་ཚུལ། དེ་ལས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་ལ་ཐེབས་པའི་ཤུགས་རྐྱེན་བཅས་བརྟག་དཔྱད་གསལ་པོ་བྱ་རྒྱུ་དང་། 2020ལོའི་གོང་དུ་གཙོ་གནད་ལས་རིགས་ཁེ་ལས་ཀྱིས་སྤྱོད་པའི་ས་ཆའི་ནང་སྦགས་བཙོག་ཕོག་པའི་ས་ཆ་ཁྱབ་ཚུལ་དང་དེའི་ཁོར་ཡུག་ལ་ཉེན་ཁ་འཕྲད་ཚུལ་ཁོང་དུ་ཆུད་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
          ཁོང་གིས“ས་རྒྱུའི་སྐོར་གྱི་དོན་ཚན་བཅུ”ཡི་བླང་བྱ་གཞིར་བཟུང་། 2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་ས་རྒྱུར་སྦགས་བཙོག་ཕོག་ཚུལ་བརྟག་དཔྱད་ཞིབ་ཕྲ་བྱས་ཚར་བ་བྱ་རྒྱུ་དང་གོ་རིམ་ལྟར་བརྟག་དཔྱད་བྱས་འབྲས་ཚང་མ་སྤྱི་ཚོགས་ལ་ཡོངས་བསྒྲགས་བྱ་རྒྱུ་རེད། ཡོངས་བསྒྲགས་བྱེད་ཚད་དེ་འཛམ་གླིང་རྒྱལ་ཁབ་ཁག་གིས་ཐུན་མོང་དུ་སྤྱོད་པའི་བྱེད་སྟངས་ལྟར་ཡོང་བ་བྱ་རྒྱུ་ཡིན་ཞིང་། སྤྱིར་ན་ཆ་འཕྲིན་ཡོངས་བསྒྲགས་གང་ཐུབ་ཅི་ཐུབ་བྱ་རྒྱུ་དང་འབྲེལ་དོ་དམ་ཚོད་འཛིན་གྱི་བྱེད་ཐབས་ནུས་ལྡན་ཡང་སྤྱོད་རྒྱུ་ཡིན་ཞེས་བཤད་པ་རེད།
          མིག་སྔར་ལས་དོན་དེ་སྤྱིའི་ཆ་ནས་ཅུང་བདེ་བླག་ངང་སྤེལ་ཐུབ་པ་བྱུང་བ་སྟེ། བརྟག་དཔྱད་ཞིབ་ཕྲའི་ལས་དོན་གྱི་སྤྱིའི་ཇུས་གཞི་བཀོད་ནས་ས་གནས་ཁག་ལ་སྒྲིག་འཛུགས་བྱས་ནས་ལག་བསྟར་བྱ་རྒྱུར་པར་འགྲེམས་བྱས་པ་དང་། བརྟག་དཔྱད་ཞིབ་ཕྲའི་ལག་རྩལ་ཚད་གཞི་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་བཟོས་པ། མི་སྣ་སྒྲིག་འཛུགས་བྱས་ནས་གསོ་སྦྱོང་བྱས་པ། འབྲེལ་ཡོད་ལག་རྩལ་གཏན་འབེབས་སྐོར་གྱི་ཚོད་ལྟའི་ར་སྤྲོད་ལས་དོན་སྤེལ་བ་སོགས་རེད།
      

    ཕྱོགས་བསྡུས་གསར་འགྱུར།