འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་དབྱར་དུས་སུ་ཏ་ཨོ་སི་གླེང་སྟེགས་ཏ་ལེན་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི་དབྱར་དུས་ཏ་ཨོ་སི་གླེང་སྟེགས་ཀྱི་སྣེ་ཁྲིད་གསར་པའི་ལོ་ཚོགས་ཟླ་6ཚེས་29ཉིན་ནས་ཚེས་29ཉིན་བར་ཏ་ལེན་གྲོང་ཁྱེར་དུ་འཚོག་རྒྱུ་ཡིན་ཞིང་། ད་ལྟ། ཁྱོན་བསྡོམས་རྒྱལ་ཁབ་80ལྷག་གི་ཆབ་སྲིད་དང་། དཔལ་འབྱོར། མཁས་དབང་། རིག་གནས་སོགས་པའི་ལས་རིགས་ཀྱི་སྣེ་ཁྲིད་པས་ཐོ་འགོད་བྱས་ནས་ཚོགས་འདུར་ཞུགས་གྲབས་ཡོད་པ་རེད། ཐེངས་འདིའི་གྲོས་ཚོགས་ཀྱི་བརྗོད་དོན་ནི"བཟོ་ལས་ཀྱི་གསར་བརྗེ་ཐེངས་བཞི་པའི་ནང་བཟོད་སྒོམ་རང་བཞིན་འཕེལ་བར་བྱེད་པ"ཞེས་པ་ཡིན་པ་རེད།
         ཚེས་20ཉིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག གླེང་སྟེགས་གཙོ་སྐྱོང་ཕྱོགས་ཀྱིས་དུས་ཡུན་ཉིན་གསུམ་རིང་གི་གླེང་སྟེགས་སུ། ཚོགས་ཞུགས་པ་ཚོས་"མི་གཞི་རྩར་འཛིན་པའི་ལག་རྩལ་དར་སྤེལ་བྱེད་"ཅེས་པ་དང་། "ཡང་བསྐྱར་གསར་གཏོད་བྱེད་པའི་སྣེ་ཁྲིད་པ་"ཞེས་པ། "རྒྱུན་མཐུད་མ་ལག་གསར་གཏོད་"ཅེས་པ། "ས་མཚམས་དཔལ་འབྱོར་འགྱུར་ལྡོག་ལ་ཁ་གཏད་འཇལ་བ་"ཞེས་པ་བཅས་ཀྱི་གྲོས་གཞི་4ཡི་ནས་གྲོས་ཚོགས་ཐེངས་200ལྷག་ཙམ་འཚོག་རྒྱུ་ཡིན་པ་རེད།
         རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱི་རྒྱལ་སྤྱིའི་མཉམ་ལས་སི་ཡི་སི་ཀྲང་གཞོན་པ་ལིའང་ལིན་ཁྲུང་གིས་ཡོངས་བསྒྲགས་ཚོགས་འདུ་ཐོག སྐབས་འདིའི་གླེང་སྟེགས་ཀྱི་བརྗོད་དོན་གྱིས་དེང་སྐབས་ཀྱི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལག་རྩལ་མཉམ་རོལ་གསར་གཏོད་ཀྱི་གོ་སྐབས་དང་། ལག་རྩལ་གསར་གཏོད་ཀྱི་དཀའ་ངལ་མཉམ་སེལ། མཉམ་དུ་འཕེལ་རྒྱས་གཏོང་བའི་ཕུགས་འདུན་མངོན་འགྱུར་བྱེད་པ་བཅས་མཚོན་ཡོད་པས། ཐེངས་འདིའི་གླེང་སྟེགས་བརྒྱུད་ནས་བཟོ་ལས་ཀྱི་གསར་བརྗེ་ཐེངས་བཞི་པའི་ཤུགས་རྐྱེན་ལ་བགྲོ་གླེང་གཏིང་ཟབ་དང་། གསར་གཏོད་འཕེལ་རྒྱས་དང་བཟོད་སྒོམ་རང་བཞིན་གྱི་འཕེལ་རྒྱས་གཏོང་ཐབས་ལ་གྲོས་བསྡུར་བྱས་ནས་འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་དམིགས་བསལ་བློ་སྐྱེད་ཀྱི་་གྲོས་འགོ་འདོན་པའི་རེ་བ་ཡོད་ཅེས་བསྟན་པ་རེད།
         ཉིན་དེར། འཛམ་གླིང་དཔལ་འབྱོར་གླེང་སྟེགས་དུ་ད་དུང་ཁ་བྱང་ལ་《བཟོ་ལས་གསར་བརྗེ་ཐེངས་བཞི་པའི་ཁྲོད་དུ་མི་གཞི་རྩར་འཛིན་པའི་དཔལ་འབྱོར་གྱི་ཡར་ཐོན་》ཞེས་པའི་སྙན་ཞུ་བསྒྲགས་པ་རེད། སྙན་ཞུར་ཚན་རིག་ལག་རྩལ་ཡར་ཐོན་བྱུང་བ་ལས་མིའི་རིགས་ཀྱི་གཏིང་གི་ནུས་པ་ཆེ་རུ་གཏོང་དགོས་པ་ལས་དེ་དག་གིས་མིའི་ཚབ་བྱས་ནས་ལས་ཀ་བྱེད་མི་རུང་ཚུལ་བསྟན་ཡོད་པ་མ་ཟད། གནད་དོན་འདིར་གཞིགས་ནས་སྲིད་ཇུས་འཆར་འགོད་འདོན་སྤྲོད་བྱས་ཡོད་པ་རེད། སྙན་ཞུ་འདི་ལྟར་ན། ད་ལོའི་ཟླ་7པར་འཇར་མན་རྒྱལ་ཁབ་ཀྱི་ཧན་པའོ་རུ་འཚོག་གྲབས་ཡོད་པའི་རྒྱལ་ཁབ་20ཚོགས་པའི་དབུ་ཚོགས་ཀྱི་དགོངས་དོན་གལ་ཆེན་ཞིག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།