འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅༎ཨ་རིའི་ཕྱོགས་ཀྱིས་བྱ་དགའི་ཨ་སྒོར་ཁྲི་ལྔ་སྤྲད་དེ་འཚམས་འདྲིར་བསྐྱོད་ནས་གར་སོང་མ་རྙེད་
    པའི་ཀྲུང་གོའི་ཤེས་ཡོན་པ་འཚོལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་21ཉིན། 15:14】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་སྒྲོན།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་ཨེ་ལི་ནོའེ་སློབ་ཆེན་གྱི་ཨུར་བྷ་ན་ཁྲེམ་ཕེན་སློབ་ཁུལ་(University of Illinois at Urbana-Champaign)གྱིས་ཟླ་6ཚེས་19ཉིན་གྱི་དགོང་དྲོར་སློབ་གྲྭ་དེར་འཚམས་འདྲིར་བཅར་བའི་ཀྲུང་གོའི་ཤེས་ཡོན་པ་ཀྲང་དབྱིན་ཡིང་(སྒྲ་སྒྱུར་)བཙན་ཁྲིད་བྱས་པའི་དོན་རྐྱེན་ལ་གཞིགས་ནས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་ཐོག་མ་འཚོགས་པ་དང་། ཚོགས་འདུའི་སྟེང་བསྒྲགས་པའི་ཆ་འཕྲིན་དུ་གསལ་བ་ལྟར་ན། ད་ལྟ་དོན་རྐྱེན་འདིར་ཁུངས་སྣེ་འདོན་ཐུབ་མཁན་དག་ལ་བྱ་དགའ་ཨ་སྒོར་ཁྲི་5སྤྲོད་རྒྱུ་ཡིན་པ་རེད།
         "ཉེས་སྐྱོན་བཀག་འགོག"རྩ་འཛུགས་ཀྱིས་ཚོགས་འདུའི་སྟེང་བསྒྲགས་པ་ལྟར་ན། གྱོད་དོན་རྩད་གཅོད་པར་ཁུངས་སྣེ་འདོན་རོགས་བྱེད་མཁན་ལ་བྱ་དགའ་ཨ་སྒོར་ཁྲི་4་(ཨ་སྒོར་1མི་དམངས་ཤོག་སྒོར་6.8ཡས་མས་)སྤྲོད་རྒྱུ་ཡིན་ཟེར། རྩ་འཛུགས་འདིའི་འགན་འཛིན་པ་ཡུའེ་ཧན་·ཧེ་ཁེས་འདི་ནི་ཁེ་གཉེར་མིན་པའི་རྩ་འཛུགས་འདི་བཙུགས་ནས་ལོ་31ལོན་པའི་ནང་མཁོ་སྤྲོད་བྱས་པའི་གྲངས་འབོར་ཆེས་ཆེ་བའི་བྱ་དགའི་དངུལ་ཡིན་པ་དང་། དངུལ་ཚང་མ་མི་སྒེར་གྱི་ཞལ་འདེབས་ལས་བྱུང་བ་ཡིན་ཟེར།
         ཨ་རིའི་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱི་གསང་མྱུལ་བ་བྷི་རཱ་རྡི་ཝར་ཨར་ཡིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་སྟེང་བཤད་པ་ལྟར་ན། མཉམ་འབྲེལ་བརྟག་དཔྱད་ཅུས་ནས་ཀྲང་དབྱིན་ཡིང་གར་སོང་གི་ས་གནས་དང་ཁུངས་སྣེ་མཁོ་འདོན་ཤེས་མཁན་ཡོད་ཚེ་བྱ་དགའི་ཨ་སྒོར་ཁྲི་1སྤྲོད་རྒྱུ་ཡིན་ཟེར།
         "ཉེས་སྐྱོན་བཀག་འགོག"རྩ་འཛུགས་ཀྱིས་མཁོ་འདོན་བྱས་པའི་བྱ་དགའི་དངུལ་ལ་ཆ་རྐྱེན་སྦྲགས་མ་མེད་ཀྱང་། མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་ཁུངས་སྣེ་མཁོ་འདོན་བྱེད་མཁན་ཁྲིམས་སར་ཕྱིན་ནས་དཔང་པོ་བྱེད་དགོས་ཟེར།
         ད་ལོ་ལོ་26ལ་སོན་པའི་ཀྲང་དབྱིན་ཡིང་ནི་ཟླ་4པའི་ནང་འཚམས་འདྲིའི་ཤེས་ཡོན་པའི་ཐོབ་ཐང་ཐོག་ནས་ཨེ་ལི་ནོའེ་སློབ་ཆེན་གྱི་ཨུར་བྷ་ན་ཁྲེམ་ཕེན་སློབ་ཁུལ་དུ་ཕྱིན་པ་དང་། ཟླ་6ཚེས་9ཉིན་ཁང་པ་གླ་སར་གན་རྒྱ་འཇོག་དུ་སོང་བའི་ལམ་བར་དུ་ད་ལྟ་བར་གར་སོང་མ་ཤེས་པ་དང་། ཨ་རིའི་མཉམ་འབྲེལ་བརྟག་དཔྱད་ཅུས་ཀྱིས་ཚེས་14ཉིན་དོན་རྐྱེན་འདི་བཙན་ཁྲིད་ཀྱི་ངོ་བོར་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།