འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་བཞི་བཅུའི་རྗེས་སླར་ཡང་འཛམ་གླིང་ཡང་རྩེར་མྱུལ་བ།

    —— ཚན་རིག་མཁས་ཅན་གྱིས་མཚོ་བོད་ས་མཐོའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་གཙོ་གནད་ནང་དོན་ལ་དབྱེ་ཞིབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་22ཉིན། 10:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          ལོ་བཞི་བཅུ་ལྷག་ཙམ་སོང་རྗེས་ཀྱི་ཚེས་17ཉིན་རང་རྒྱལ་གྱིས་མཚོ་བོད་ས་མཐོར་གཞི་ཁྱོན་ཆེ་བའི་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་འགོ་ཚུགས་ཤིང་། ཐོག་མར་གཙང་པོ་དང་མཚེའུའི་ཆུ་འགོར་རྟོག་ཞིབ་བྱེད་འགོ་ཚུགས་པ་དང་ཚན་རིག་རྟོག་ཞིབ་རུ་མིས་རུ་ཁག་བཞི་རུ་ཕྱེ་ནས་གཙོ་གནད་ཐོག་འབྲི་ཆུའི་ཆུ་འགོ་ཁུལ་དང་བོད་ཀྱི་མཚོ་ཆེ་ཤོས་ཡིན་པའི་སེར་གླིང་མཚོ་ཁུལ་ལ་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་བྱ་རྒྱུ་རེད།
         ཀྲུང་གོ་ཚན་རིག་ཁང་གི་ཡོན་ཀྲང་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་ཡའོ་ཐན་ཏུང་གིས“རྟོག་ཞིབ་ཐེངས་དང་པོ་བྱེད་སྐབས་ཤེས་རྟོགས་མང་པོ་ཐུབ་བྱུང་། ད་ཐེངས་འགྱུར་ལྡོག་འགྲོ་ཚུལ་ལ་ལྟ་རྒྱུ་ཡིན” ཉེ་བའི་ལོ་ཤས་རིང་མཚོ་བོད་ས་མཐོའི་ཐོན་ཁུངས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་སྟབས་ཕྱོགས་བསྡུས་རང་བཞིན་གྱི་ཚན་རིག་རྟོག་ཞིབ་བརྒྱུད་ནས་ཁ་གཏད་ཇུས་གཞི་བཏོན་དགོས་ཀྱི་ཡོད་ཅེས་བཤད།
         གཙང་པོ་དང་མཚེའུའི་ཆུ་འགོར་ཚན་རིག་རྟོག་ཞིབ་བྱེད་སྐབས་གཙོ་བོ་གང་བྱེད་དགོས་སམ། དེའི་ནང་གཙོ་གནད་གང་དག་ཡིན་ནམ་ཞེས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ཚན་རིག་རྟོག་ཞིབ་རུ་ཁག་བཞིའི་འགན་འཁུར་བར་ཆེད་དོན་བཅར་འདྲི་བྱས་པ་རེད།
         རྒྱ་ཆེ་རུ་སོང་བའི་ས་མཐོའི་མཚེའུ་ལ་བརྟག་དཔྱད་བྱེད་པ།
         མི་མང་པོས་མཚོ་བོད་ས་མཐོ་ནི་མཐོ་ཞིང་སྐམ་ཤས་ཆེ་བའི་མྱ་ངམ་ཐང་ལྟ་བུ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། དོན་དངོས་ཐོག་མཚོ་བོད་ས་མཐོར་ཆེ་ཆུང་མི་འདྲ་བའི་མཚེའུ་1000ལྷག་ཙམ་ཁྱབ་ཡོད། 1990ལོ་ནས་བཟུང་མཚོ་བོད་ས་མཐོར་མཚེའུའི་ཆུ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་1000ལྷག་ཙམ་མང་དུ་ཕྱིན་ཡོད།
         མཚེའུ་དང་ཆུ་དཔྱད་གནམ་གཤིས་རྟོག་ཞིབ་རུ་ཁག་གི་འགན་འཁུར་བ་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཀྲུའུ་ལི་ཕིང་གིས“མང་དུ་ཕྱིན་པའི་ཆུ་འགག་གསུམ་ཆུ་མཛོད་3གྱི་ཆུ་དང་འདྲ་པོ་ཡོད། ཉེ་བའི་ལོ་ཤས་ནང་སེར་གླིང་མཚོ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ནས་གནམ་མཚོ་ལས་བརྒལ་ཏེ་བོད་ཀྱི་མཚོ་ཆེ་ཤོས་སུ་གྱུར་ཡོད”ཅེས་བཤད་བྱུང་།
         ལོ་བཅུ་གྲངས་རིང་མཚོ་བོད་ས་མཐོའི་ཐོག་རྒྱ་ཁྱོན་ལ་འགྱུར་ལྡོག་ཆེ་ཤོས་བྱུང་བའི་མཚོ་ནི་སེར་གླིང་མཚོ་ཡིན། མཚོའི་དེའི་རྒྱ་ཁྱོན་1976ལོའི་སྤྱི་ལེ་ངོས་གྲུ་1667ནས་2009ལོའི་སྤྱི་ལེ་ངོས་གྲུ་2324བར་མང་དུ་ཕྱིན་ནས་ཆེ་རུ་འགྲོ་ཚད་40%ཙམ་ཟིན་ཡོད།
         ས་མཐོའི་མཚེའུ་ཁག་གི་རྒྱ་ཁྱོན་དང་ཆུ་མང་དུ་སོང་བ་དེས་ས་ཆ་ཁག་གཅིག་གི་གནམ་གཤིས་དང་ཐ་ན་ཤར་རྒྱུད་དུས་རླུང་ས་ཁུལ་གྱི་ཐན་ཞོད་ལ་ཤུགས་རྐྱེན་ཐེབས་སྲིད། ཆེ་རུ་ཕྱིན་པའི་ས་མཐོའི་མཚེའུ་ལ་ཁྱོན་ཡོངས་ནས་བརྟག་དཔྱད་ཐེངས་གཅིག་བྱེད་དགོས་ཀྱི་ཡོད།
         ཀྲུའུ་ལི་ཕིང་གིས་ད་ཐེངས་རྟོག་ཞིབ་བྱས་ནས་སེར་གླིང་མཚོ་ཚུད་པའི་བོད་བྱང་ཐང་གི་མཚེའུ་མང་པོར་མཚེའུ་གཏིང་གི་ས་དབྱིབས་རི་མོ་བཟོ་བ་དང་འབྲེལ། ཆུའི་དཔྱད་གྲངས་ལ་ཚད་ལེན་བྱ་རྒྱུ་རེད་ཅེས་ངོ་སྤྲོད་བྱས། ཁོང་གིས“ང་ཚོ་ས་མཐོའི་གནམ་གཤིས་ཀྱི་འགྱུར་ལྡོག་ལས་མཚེའུ་ལ་འགྱུར་ལྡོག་གང་ཡོང་མིན་ཤེས་འདོད་ཆེན་པོ་འདུག”ཅེས་བཤད་བྱུང་།
         དེ་སྔོན་དང་མི་འདྲ་བ་ཞིག་ནི་ད་ཐེངས་མི་མེད་གྲུ་གཟིངས་མཚོ་བོད་ས་མཐོའི་མཚེའུ་དང་ཆུ་དཔྱད་གནམ་གཤིས་རྟོག་ཞིབ་ནང་ཐོག་མར་སྤྱད་ཡོད། གྲུ་གཟིངས་ཀྱིས་ལམ་ཐིག་དང་ལྟ་ཞིབ་ཚད་ལེན་གྱི་གོ་རིམ་ཇུས་བཀོད་བྱས་རྗེས་མཚེའུའི་གཏིང་ཚད་དང་། མཚེའུའི་phཡི་གྲངས་ཐང་། གློག་འདྲེན་ཚད་སོགས་ཀྱི་དཔྱད་གྲངས་ལ་ཚད་ལེན་བྱས་པ་ཙམ་གྱིས་གསལ་པོ་ཤེས་ཐུབ།
         བསྐལ་བ་ཡ་ཐོག་སྐབས་ཀྱི་མིའི་རིགས་ས་མཐོར་ཆགས་ཚུལ་སྐོར་མྱུལ་བ།
         གནའ་མི་རྣམས་མཚོ་བོད་ས་མཐོར་ག་དུས་འབྱོར་བ་ཡིན་ནམ། ཁོང་ཚོ་གང་ནས་ཡོང་བ་ཡིན་ནམ། ས་མཐོའི་ཐོག་ཡོང་དོན་གང་ཡིན་ནམ། ས་མཐོའི་ཁོར་ཡུག་ལ་ཇི་ལྟར་བྱས་ནས་འཕྲོད་ཐུབ་པ་བྱུང་བ་ཡིན་ནམ། ད་ཐེངས་ཀྱི་ཚན་ཞིབ་དེས་གནད་དོན་དེ་དག་ལ་དམིགས་ནས་ཁུངས་སྣེ་འཚོལ་རྒྱུ་དང་འདྲི་བར་ལན་འདེབས་རྒྱུ་རེད།
         གནའ་མི་དེར་གཞིས་ཆགས་ནས་མཚོ་བོད་ས་མཐོ་གསར་སྤེལ་བྱེད་སྐབས་མཐོ་གྲང་དང་གསོ་རླུང་མི་འདང་བ་སོགས་ཀྱི་གནས་ཚུལ་མང་པོ་འཕྲད་ཡོད། མིའི་རིགས་དེ་གར་ག་དུས་གཞིས་ཆགས་མིན་ད་དུང་གསལ་པོ་ཤེས་མཁན་མེད། བོད་དུ་རིག་གཞུང་ལས་རིགས་ཀྱིས་ཁས་ལེན་བྱེད་པའི་རྡོ་ཆས་རྙིང་མའི་སྐབས་ཀྱི་གནའ་ཤུལ་རེད། འོན་ཀྱང་རྡོ་ཆས་ཀྱི་དངོས་དཔེ་མང་ཆེ་བ་ས་ངོས་ལས་བྱུང་བ་ཡིན་པས་ས་གཞི་ཆགས་རིམ་གྱི་དཔང་པོ་ཁུངས་བཙན་མེད།
         སེར་གླིང་མཚོ་ས་ཁུལ་གྱི་ཉ་དིལ་དུ་གནས་པའི་གནའ་ཤུལ་ནི་གཞི་ཁྱོན་ཆེ་བ་དང་ས་གཞི་ཆགས་རིམ་ཕུང་གསོག་བསྟུད་མར་ཐེབས་པའི་རྡོ་ཆས་རྙིང་མའི་སྐབས་ཀྱི་གནའ་ཤུལ་ཞིག་རེད། གནའ་བོའི་སྣོད་བཅུད་དང་གནའ་བོའི་ཁོར་ཡུག་རྟོག་ཞིབ་རུ་ཁག་གི་འགན་འཁུར་བ་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྲོག་ཆགས་སྒལ་ཚིགས་ཅན་དང་གནའ་མི་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་ཏེང་ཐའོ་ཡིས་2016ལོར་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྲོག་ཆགས་སྒལ་ཚིགས་ཅན་དང་གནའ་མི་ཞིབ་འཇུག་སུའོ་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་སུའོ་ཡིས་མཉམ་འབྲེལ་ཐོག་ཉ་དིལ་གནའ་ཤུལ་ལ་གནའ་རྫས་དཔྱད་ཞིབ་དང་སྔོག་འདོན་བྱས་པས་ད་ཆ་གཏན་འཁེལ་རགས་ཙམ་བྱུང་སྟེ་གནའ་ཤུལ་དེར་ད་བར་ཉུང་མཐར་ཡང་ལོ་ཁྲི་གསུམ་གྱི་ལོ་རྒྱུས་ལྡན་ཡོད་པས་ལོ་ཁྲི་གསུམ་གྱི་སྔོན་དུ་མིའི་རིགས་དེར་འཚོ་གནས་བྱེད་པ་མཚོན་ཐུབ་ཅེས་ངོ་སྤྲོད་བྱས།
         ཏེང་ཐའོ་ཡིས་ད་ཐེངས་ཀྱི་ཚན་རིག་རྟོག་ཞིབ་བརྒྱུད་ས་འོག་གི་གནའ་མིའི་གནའ་ཤུལ་མུ་མཐུད་སྔོག་འདོན་བྱ་རྒྱུ་དང་ཞིབ་ཕྲའི་ལོ་རབས་དང་ཁོར་ཡུག་དབྱེ་ཞིབ་བྱས་པའི་དངོས་དཔེ་བླངས་ནས་མིའི་རིགས་ཀྱིས་ས་མཐོར་འཚོལ་ཞིབ་བྱས་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་དང་ཁོར་ཡུག་འགྱུར་ལྡོག་འགྲོ་ཚུལ་སྔར་བས་ཤེས་རྟོགས་ཐུབ་པ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         ས་མཐོའི་རྩ་ཆེ་ཞིང་དཀོན་པའི་སྲོག་ཆགས་དང་རྩི་ཤིང་ལ་ཞིབ་བཤེར་བྱེད་པ།
         རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཁྲུང་ཁྲུང་སྐེ་ནག་ནི་འཛམ་གླིང་ནས་ས་མཐོར་སྐྱེ་འཕེལ་དང་འཚོ་གནས་བྱེད་པའི་ཁྲུང་ཁྲུང་གི་རིགས་འབའ་ཞིག་དེ་ཡིན། ལོ་ལྟར་དགུན་ཁ་འཆར་རིམ་བཞིན་པར་རྒྱག་ལ་དགའ་པོ་ཡོད་པ་ཚོས་པར་ཆས་སྣ་ཚོགས་ཁྱེར་ནས་ལྷ་སའི་ཉེ་འཁོར་གྱི་ས་ཆར་ཁོང་ཚོ་པར་དུ་ལེན་པར་འགྲོ་ཡི་ཡོད།
         འདབ་ཆགས་རིགས་ལ་དགའ་པོ་ཡོད་མཁན་ཚོར་གཅིག་བྱས་ན་བྱ་རིགས་དེ་དག་ལ་ལྟ་བར་འགྲོ་ཡུལ་གསར་པ་ཞིག་ཡོང་སྲིད། མིག་སྔར་སེར་གླིང་མཚོ་ནི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ་དང་། འབྱུང་འགྱུར་བོད་ཀྱིས་ས་ཁུལ་དེར་སྲུང་སྐྱོང་དང་། སློབ་གསོ། ཚན་ཞིབ་སོགས་ནུས་པ་གཞི་གཅིག་ཏུ་འདུས་པའི་རྒྱལ་ཁབ་ཀྱི་སྤྱི་གླིང་ཞིག་བསྐྲུན་རྩིས་ཡོད་པས། ས་མཐོའི་སྣོད་བཅུད་ཁོར་ཡུག་ལ་གཏོར་སྐྱོན་མ་བཏང་བའི་སྔོན་འགྲོའི་འོག་ཡུལ་སྐོར་བར་གཅིག་བྱས་ན་ཐག་ཉེ་ས་ནས་ས་མཐོའི་སྤྱང་གྲུང་དོད་པའི་འདབ་ཆགས་དེ་རིགས་དང་འབྲེལ་འདྲེས་བྱེད་པའི་གོ་སྐབས་ཤིག་བྱུང་སྲིད།
         “སེར་གླིང་མཚོ་ཁུལ་དུ་ཁྲུང་ཁྲུང་སྐེ་ནག་ཙམ་མ་ཡིན་པར་ད་དུང་ས་མཐོའི་རྩ་ཆེ་ཞིང་དཀོན་པའི་སྲོག་ཆགས་དང་རྩྭ་རྩི་ཤིང་ཧ་ཅང་མང་པོ་ཡོད”ཅེས་སྐྱེ་དངོས་དང་སྣོད་བཅུད་འགྱུར་ལྡོག་རྟོག་ཞིབ་རུ་ཁག་གི་འགན་འཁུར་བ་ཀྲུང་གོ་ཚན་རིག་ཁང་གི་ཞིབ་འཇུག་པ་དབྱང་ཡུང་ཕིང་གིས་དེ་ལྟར་ངོ་སྤྲོད་གནང་བ་དང་ཁོང་གིས་ད་རེས་ཚན་རིག་རྟོག་ཞིབ་བྱེད་རིང་ས་ཁོངས་ནང་གི་སྲོག་ཆགས་དང་རྩྭ་རྩི་ཤིང་གི་རིགས་དང་། གྲངས་འབོར། ཁྱབ་ཚུལ་བཅས་ཀྱི་མཐིལ་རྟོགས་པ་བྱས་ནས་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་འཆར་འགོད་ལ་ཚན་རིག་དང་མཐུན་པའི་གྲངས་གཞི་དང་གྲོས་འགོ་འདོན་པའི་ལས་འགན་བསྒྲུབ་རྒྱུ་ཡིན་པ་དང་ཚན་ཞིབ་རུ་ཁག་གིས་ཁོངས་གཏོགས་ཁུལ་གྱི་རྩྭ་རྩི་ཤིང་ཁྱབ་ཚུལ་དང་སྲོག་ཆགས་ཀྱི་འཚོ་གནས་བྱ་ཡུལ་གཙོ་བོ་ཐོ་འགོད་བྱ་རྒྱུ་ཡིན་ཞེས་བཤད།
         གཡུ་ཡི་མཎྜལ་ཕྱིས་འདྲའི་མཚོ་མོའི་ནང་བརྗིད་ཆགས་ལྷུན་གྱིས་གྲུབ་པའི་གངས་རིའི་གཟུགས་བརྙན་འཆར་བ་དང་། གཡའ་དག་པའི་ནམ་མཁའ་དང་རབ་མཛེས་སྤྲིན་དཀར་འོག་ཏུ་ཁྲུང་ཁྲུང་སྐེ་ནག་ཅི་དགར་རོལ་བ། མེ་ཏོག་ཁྲ་ཆིལ་ལེར་བཞད་པའི་རྩྭ་ཐང་སྟེང་འབྲོང་དང་གཉན་སོགས་སོས་དལ་བབ་ཕེབས་ངང་འཚོ་བ། ཡངས་ཤིང་རྒྱ་ཆེ་བའི་ས་མཐོའི་སྟེང་གཙོད་དང་རྐྱང་སོགས་བང་རྩལ་འགྲན་པ་སོགས་ས་མཐོའི་མཛེས་པ་ཡོད་དོ་ཅོག་ཕལ་ཆེར་མི་རིང་བར་སྐྱེ་བོ་ཀུན་གྱི་འདྲེན་བྱེད་ཀྱི་ལམ་དུ་འཆར་སྲིད།
      

    ཕྱོགས་བསྡུས་གསར་འགྱུར།