འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཛེས་སྡུག་ལྡན་པའི་ཀྲུང་གོའི"སྣོད་བཅུད་སྐར་ཁུང"བཏོད་པ།

    ——— གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དུ་སྒྲིག་སྲོལ་ཚོད་ལྟ་བྱས་ནས་ལོ་གཅིག་སོང་བའི་སྐབས་སུ་བྲིས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         2016ལོར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་ཤེས་དཔལ་སྒྱུར་བཅོས་སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པའི་ལས་འགན་གལ་ཆེན་ཕྲག་ཐོག་ཏུ་འཁུར་ནས། གཙང་གསུམ་ཆུ་འགོའི་ས་ཁུལ་དུ་བློ་ཁོག་ཆེན་པོས་ཚོད་ལྟ་དང་གྲ་སྒྲིག་ཏན་ཏིག་བྱེད་པ་དང་རྒྱལ་ཁབ་ཀྱི་སྤྱི་གླིང་སྒྲིག་སྲོལ་འཚོལ་ཞིབ་བྱས་ནས་མཛེས་སྡུག་ལྡན་པའི་ཀྲུང་གོའི“སྣོད་བཅུད་སྐར་ཁུང”བཏོད་པ་རེད།
         སྣོད་བཅུད་སྔོན་ལ་ལག་བསྟར་བྱས་ཏེ“གཉིས་གཏོར་གཉིས་བཙུགས”ཐོག་ནས་སྒྱུར་བཅོས་བསུས་པ།
         གཙང་གསུམ་ཆུ་འགོ་ནི་མཚོ་སྔོན་ཞིང་ཆེན་གྱི་ལྷོ་རྒྱུད་དུ་གནས་པ་དང་དེར་ཚང་མས་ཨེ་ཤེ་ཡའི་ལྟག་ཆུ་བསྐྱིལ་གསོག་ཁུལ་དང་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞེས་བརྗོད་ཀྱི་ཡོད་ལ། རྩ་ཆེའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་མང་པོ་ཡོད་པ་དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་གཅིག་སྡུད་ཆེ་ཤོས་ཀྱི་ས་ཁོངས་ཀྱི་གྲས་ཤིག་རེད། ད་ཆ“རླུང་བུ་ལྡང་ནས་དང་། རྩྭ་ཁ་དམའ་བས། ནོར་ལུག་མཐོང”བཅས་ཀྱི་གཙང་གསུམ་ཆུ་འགོར་ལག་ཡོད་ཕྱུགས་རིགས་གྲངས་འབོར་མང་པོ་ཡོད་པ་དེས་འབྲོག་པ་མང་དག་ཅིག་དབུལ་སྒྲོལ་ཕྱུག་འགྱུར་གྱི་ལམ་བུའི་ཐོག་སྐྱོད་ཐུབ་པ་བྱུང་ཡོད།
        དུས་རབས་གོང་མའི་ལོ་རབས་90པར་ཕྱུགས་རིགས་ཚད་ལས་བརྒལ་བ་དང་དེ་བཞིན་གནམ་གཤིས་ཀྱི་འགྱུར་ལྡོག་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱི་ཤུགས་རྐྱེན་ཕོག་སྟབས། གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྣོད་བཅུད་རིམ་བཞིན་ཞན་དུ་སོང་བ་དང་། རྩྭ་ཐང་དང་འཁྱགས་རོམ་ཆུང་དུ་ཕྱིན་པ། ཆུ་བོ་དང་མཚེའུ་མང་པོ་ཞིག་རིམ་བཞིན་སྐམ་ཡོད་པ་རེད། ཆུ་འགོའི་སྔོ་ཁེབས་ཀྱི་ཆུ་གསོག་ནུས་པ་ཆུང་དུ་ཕྱིན་པ་དེས་གཙང་གསུམ་ཆུ་སྨད་དུ་སྐབས་ཤིག་རིང་ཆུ་སྐྱོན་ཡང་ཡང་ཐོན་ཡོད་པ་རེད།
         2003ལོར་རྒྱལ་ཁབ་ཀྱིས་གཙང་གསུམ་ཆུ་འགོ་ས་ཁུལ་དུ་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཏེ་རྩྭ་ར་བཀག་ནས་ཕྱུགས་རིགས་ཉུང་དུ་གཏོང་བ་དང་། མི་ཐབས་ལ་བརྟེན་ནས་རྩྭ་གསབ་འདེབས་བྱེད་པ། རྩྭ་ཐང་གི་གནོད་ཡོད་སྐྱེ་དངོས་སྔོན་འགོག་ཚོད་འཛིན་བྱེད་པ་སོགས་ཀྱི་སྣོད་བཅུད་འདུ་འགོད་ལག་བསྟར་བྱེད་འགོ་ཚུགས་པ་དང་། ཁྱབ་ཁོངས་དེ་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་15.23དང་འབྲེལ་བ་ཡོད་པ་རེད། དེའི་རིང་ས་གནས་དེ་གའི་འབྲོག་པ་ཁྲི་10ཙམ་རྩྭ་ཐང་ནས་ཁ་བྲལ་བ་དང་འབྲོག་དུད་ཁྲི་70ལྷག་ཙམ་གྱིས་ཕྱུགས་རིགས་གསོ་ཚགས་གྲངས་འབོར་རང་འགུལ་ངང་ཉུང་དུ་བཏང་བ་རེད།
         “རྒྱ་ཁྱོན་ཆེན་པོ་དེ་ལྟ་བུ་དང་སྣོད་བཅུད་མ་ལག་ཞན་ལ་རྙོག་འཛིང་ཆེན་པོ་དེ་ལྟ་བུའི་ས་ཁོངས་སུ་མི་ཐབས་ལ་བརྟེན་ནས་སྣོད་བཅུད་བཅོས་སྐྱོང་བྱས་པ་ནི་རང་རྒྱལ་གྱི་ལོ་རྒྱུས་ཐོག་ཐེངས་དང་པོ་རེད”ཅེས་མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་ཅུས་ཀྲང་ལི་ཞའོ་ནན་གྱིས་བཤད།
         ལོ་10ལྷག་ཙམ་འབད་བརྩོན་བྱས་པ་བརྒྱུད། གཙང་གསུམ་ཆུ་འགོ་ས་ཁུལ་གྱི་སྣོད་བཅུད་ཉམས་ཞན་དུ་འགྲོ་ཚུལ་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་ཡོད། འོན་ཀྱང་འབྲེལ་ཡོད་སྒྲིག་སྲོལ་དང་ལམ་སྲོལ་གྱི་འགལ་བའང་དེ་དང་ཆབས་ཅིག་མངོན་གསལ་དོད་དུ་ཕྱིན་པ་དེ་ནི་དབང་ཆ་དང་འགན་འཁྲི་གསལ་པོ་མེད་པ་དང་། འགན་འཁྲི་དང་ནུས་པ་སྤེལ་མ་ཡིན་པ། སྲུང་སྐྱོང་ཁུལ་གྱི་ནུས་པ་དང་བར་མཐོངས་བསྐྱར་རྩེག་ཡིན་པ་སོགས་ཀྱི་ཐད་ནས་གཅིག་སྡུད་ཐོག་མཚོན་གྱི་ཡོད། འབྲོག་པའི་ལྟོ་གོས་འཚོ་ཐབས་ལ་འགྲན་སློང་འཕྲད་ནས་ངལ་རྩོལ་གྱི་རྩལ་ནུས་མི་འདང་བའི་རྐྱེན་རྩྭ་ར་བཀག་ནས་ཕྱུགས་རིགས་ཉུང་དུ་བཏང་བའི་འབྲོག་པའི་འབབ་འཕར་ལ་དཀའ་གནད་འཕྲད་པ་དང་། ས་ཁུལ་མི་ཉུང་བ་ཞིག་ཏུ་མི་ཐབས་ལ་བརྟེན་ནས་སྣོད་བཅུད་བཅོས་སྐྱོང་བྱས་ཀྱང་ཕན་འབྲས་ཡག་པོ་དེ་ཙམ་ཐོན་མེད་པ་རེད།
         2016ལོར། རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་ས་ཚིགས་ཐོག་མ་དེ་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་བཙུགས་ནས། ས་གནས་དེ་གས་སྔོན་ལ་སྲུང་སྐྱོང་དང་རང་བྱུང་བསྐྱར་གསོ་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྣོད་བཅུད་སྲུང་སྐྱོང་དོ་དམ་གྱི་སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་སྤྱི་ཚོགས་ཞུགས་རྒྱ་རིམ་བཞིན་ཆེ་རུ་བཏང་བས་མཐར་གཙང་གསུམ་ཆུ་འགོ་མཉམ་སྐྲུན་མཉམ་སྤྱོད་དང་། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྣོད་བཅུད་ཤེས་དཔལ་གྱི་སྔོན་སྐྱོད་ཁུལ་ཞིག་བསྐྲུན་དགོས་པའི་བླང་བྱ་བཏོན་པ་རེད།
         “ར་བ”གཏོར་ནས་ས་ཁོངས་སྣོད་བཅུད་ཀྱི“མངའ་ཁོངས”བསྐྱར་དུ་བསྐྲུན་པ།
         རིགས་གཅིག་མཁས་ཅན་གྱིས་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་ནི་རྒྱལ་ཁབ་རིམ་པའི་མཛེས་ལྗོངས་གྲགས་ཅན་ཁུལ་ཞིག་མིན་ལ། རང་བྱུང་སྲུང་སྐྱོང་ཁུལ་གྱི“2.0པར་གཞི”ཞིག་ཀྱང་མིན་པར། དེ་ནི་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་ལམ་ལུགས་འཛུགས་སྐྱོང་གི་གཞི་རྟེན་གལ་ཆེན་ཞིག་རེད་ཅེས་མཛུབ་སྟོན་གནང་བ་རེད།
         2016ལོའི་ཟླ་6ཚེས་7ཉིན། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་ཀྱི་སྒོ་བྱང་བཀལ་ནས་བཙུགས་པ་དང་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་དངོས་སུ་ལག་བསྟར་བྱས་ནས་ཟླ་གཅིག་ཀྱང་མ་སོང་བར་གླིང་ཁུལ་གྱིས་རྫོང་བཞི་དང་འབྲེལ་བ་ཡོད་པའི་རྒྱལ་ཁབ་ས་ཆ་དང་། ཁོར་ཡུག་སྲུང་སྐྱོང་། ཞིང་འབྲོག་སོགས་སྡེ་ཚན་གྱི་སྒྲིག་ཁོངས་དང། འགན་ནུས། དེ་བཞིན་ཁྲིམས་སྐྱོང་སྟོབས་ཤུགས་བཅས་བསྡུ་སྒྲིལ་བྱས་ནས་ཞིང་ཆེན་དང་། ཀྲོའུ། རྫོང་། ཤང་བཅས་རིམ་པ་བཞི་ལ་ཁྱབ་པའི་ཐད་གཏུག་གཅིག་འདོམས་རྣམ་པའི་སྣོད་བཅུད་སྲུང་སྐྱོང་སྒྲིག་གཞི་བཙུགས་པ་མ་ཟད། གྲོང་ཚོ་ཁག་ལ་འབྲོག་པའི་སྣོད་བཅུད་བདག་སྲུང་རུ་ཁག་ཀྱང་བཙུགས་པ་རེད།
         དེ་རྗེས། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་ཀྱིས་རང་བྱུང་སྲུང་སྐྱོང་ཁུལ་ཁག་ཏུ་ནུས་པ་བསྐྱར་འཛུགས་བྱེད་འགོ་ཚུགས་ཏེ་སྤྱི་ལེ་ངོས་གྲུ་ཁྲི་12.31ཟིན་པའི་གླིང་ཁུལ་ཧྲིལ་པོ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཡན་ལག་གླིང་ཁུལ་3ལ་དབྱེ་བ་དང་། དེ་དག་སོ་སོར་སྲུང་སྐྱོང་སྟོབས་ཤུགས་བཙུགས་ནས་ཡན་ལག་གླིང་ཁུལ་གྱི་སྣོད་བཅུད་མ་ལག་གི་ཁྱད་ཆོས་གཞིར་བཟུང་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱས་ཡོད། དེ་དང་ཆབས་ཅིག་ཡན་ལག་གླིང་ཁུལ་ཁག་གི་ཆེ་ཆུང་མི་འདྲ་བའི་དྲ་རྒྱ་སྔར་བས་ཞིབ་ཚགས་སུ་བཏང་སྟེ“དྲ་རྒྱ་གཅིག་དང་སྲིད་ཇུས་གཅིག”ལ་བརྟེན་ནས་གནད་སྨིན་སྣོད་བཅུད་བཅོས་སྐྱོང་དང་བེད་སྤྱོད་བྱས་པ་རེད།
         ལམ་ཞིབ་སྔོན་སྐྱོད་བྱས་ནས་སྣོད་བཅུད་ཤེས་དཔལ་གྱི“མ་དཔེ”བཏོད་པ།
         མིག་སྔར་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་མི་འབོར་དབུལ་པོ་ཁྲི་24ཡོད། རྩྭ་ར་བཀག་ནས་ཕྱུགས་རིགས་ཉུང་དུ་བཏང་རྗེས་འབྲོག་པ་རྣམས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དང་དོ་དམ་ནང་ཞུགས་རྒྱུར་ཁྲིད་སྟོན་ཇི་ལྟར་བྱས་ནས་དེའི་ཁྲོད་ནས་ཕན་པ་ཐོབ་རྒྱུ་དང་དབུལ་སྒྲོལ་འབྱོར་འབྲིང་ཕྱོགས་སུ་སྐྱོད་ཐུབ་པ་བྱ་རྒྱུ་ནི་མཚོ་སྔོན་གྱིས་སྤྱི་གླིང་ཚོད་ལྟ་བྱེད་རིང་མིག་མངས་གཞན་ཞིག་ཡག་པོ་རྒྱག་དགོས་པ་དེ་རེད།
         ལི་ཞའོ་ནན་གྱིས་ན་ནིང་ནས་བཟུང་། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟའི་ས་ཚིགས་སུ་སྣོད་བཅུད་བདག་སྲུང་བའི་སྤྱི་ཕན་ལས་གནས་བཙུགས་པས་འབྲེལ་ཡོད་འབྲོག་པ་མང་ཆེ་བ་དབུལ་པོའི་གནས་ལས་སྒྲོལ་རོགས་བྱས་ཏེ་དུད་ཚང་རེ་ནས་མི་རེ་གསོ་སྦྱོང་གིས་ལས་གནས་ཐོག་བསྐྱོད་རྗེས་ཟླ་རེ་རེ་བཞིན་ཐོབ་ཆ་སྤྲོད་པ་དང་ལོ་མཇུག་ཏུ་དཔྱད་ཞིབ་བྱས་ཡོད། མིག་སྔའི་བར་གླིང་ཁུལ་དུ་འབྲོག་པ་9975སྣོད་བཅུད་བདག་སྲུང་བའི་ལག་ཁྱེར་འཁྱེར་ནས་ལས་གནས་ཐོག་བསྐྱོད་པ་དང་། ནང་མི་5མན་གྱི་འབྲེལ་ཡོད་ཁྱིམ་ཚང་དབུལ་པོ་དབུལ་སྒྲོལ་གྱི་ཚད་གཞིར་སླེབས་ཡོད་པ་རེད། ས་རྒྱ་ཆེ་ལ་མི་ཉུང་བའི་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་འབྲོག་པས“ཚེག་གིས་ཐིག་ཆགས་པ”དང“དྲ་བས་ངོས་ཆགས་པའི”བདག་སྲུང་མ་ལག་གི་གལ་འགངས་ཆེ་བའི་ནུས་པ་འདོན་སྤེལ་བྱེད་བཞིན་ཡོད། འདི་ལོའི་ཟླ་4པར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སློབ་ཚན་གྱི་ཚོད་ལྟའི་འཛིན་གྲྭ་དེ་མཚོ་སྔོན་སློབ་ཆེན་དུ་སློབ་འགོ་ཚུགས་པ་དང་། ཁག་དང་པོའི་དངོས་གཞིའི་ཚན་ཁག་གི་སློབ་མ་100ལྷག་ཙམ་འབྱུང་འགྱུར་སྤྱི་གླིང་དོ་དམ་གྱི་ཆེད་ལས་རྗེས་གྲབས་སྟོབས་ཤུགས་སུ་གྱུར་རེ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།