མི་དམངས་དྲ་བ།

༄༅།།“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཁྲོད་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་
དང་འགན་འཁྲིའི་གླེང་སྟེགས་ཀུའེ་ལིན་དུ་གཉེར་བ། 

གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

       མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16དང་17ཉིན། 2017ལོའི“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཁྲོད་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་དང་འགན་འཁྲིའི་གླེང་སྟེགས་ཀོང་ཤིས་ཀུའེ་ལིན་དུ་གཉེར་ཞིང་། གླེང་སྟེགས་ཐོག“རྒྱུད་གཅིག་ལམ་གཅིག”གི་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་རྟེན་གཞི་ཀོང་ཤིས་སུ་དངོས་སུ་སྒོ་བྱང་བཀལ་བ་དང་འབྲེལ། ཀོང་ཤིས་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་མཉམ་ལས་འཕེལ་རྒྱས་ཐེབས་རྩ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་རེད།
       ངོ་སྤྲོད་བྱས་པར་གཞིགས་ན། རྒྱལ་སྤྱིའི་མཉམ་ལས་ཞིབ་འཇུག་རྟེན་གཞིས་ཤེས་ལྡན་མི་སྣ་གསོ་སྦྱོང་དང་། རྣམ་གྲངས་སྐྱེད་སྲིང་། རིག་གཞུང་གསར་གཏོད། ཇུས་འདོན་ཚོགས་པ་འཛུགས་སྐྱོང་སོགས་ཐད་འཚོལ་ཞིབ་བྱ་རྒྱུ་དང་། ཐེབས་རྩས་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་གཙོ་བོ་བྱེད་པའི“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་རྒྱལ་ཁབ་ཁག་ཏུ་ཞབས་ཞུའི་རྣམ་གྲངས་སྤེལ་བ་དང་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བར་མ་དངུལ་གྱི་རོགས་སྐྱོར་དང་དངོས་པོའི་འགན་ལེན་བྱ་རྒྱུ་རེད།
       གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ཞུས་ཞའོ་ཡིས་གཞོན་ནུ་ནི“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་གི་སྐྱེས་སྟོབས་ཀྱི་དཔལ་འབར་བའི་སྟོབས་ཤུགས་ཤིག་ཡིན་པ་དང་། གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་ནི་དམངས་སེམས་འབྲེལ་རྒྱུར་སྐུལ་འདེད་གཏོང་བའི་བྱེད་པོ་གལ་ཆེན་ཞིག་ཡིན། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་གྱིས་ལམ་རྒྱུད་རྒྱལ་ཁབ་ཀྱི་གཞོན་ནུ་དང་སྤེལ་རེས་མཉམ་ལས་ལ་གོ་སྐབས་ཆེན་པོ་བཏོད་པ་མ་ཟད། རང་རྒྱལ་གྱི་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས“ཕྱིར་བསྐྱོད་རྒྱུར”ཡངས་པའི་གར་སྟེགས་ཀྱང་བཏོད་ཡོད་ཅེས་བརྗོད།
      གླེང་སྟེགས་ཐོག་ཤིག་ཚིག་སྒྲོན་སྐབས། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ཡུས་ཡུན་ལིན་གྱིས་གཞོན་ནུའི་རྩ་འཛུགས་ཁག་དབར་ཕན་ཚུན་མཉམ་འགུལ་ཤུགས་ཆེན་བྱེད་པ་དང་། མཉམ་ལས་ལམ་སྲོལ་འཛུགས་པ། ཕྱི་ཕྱོགས་དང་འགྲོ་འོང་ཤུགས་ཆེན་བྱེད་པ། ཕུལ་བྱུང་གཞོན་ནུ་དེ་བས་མང་བ“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ནང་ཞུགས་རྒྱུར་སྐུལ་བ། ཀྲུང་གོ་དང་ལམ་རྒྱུད་རྒྱལ་ཁབ་དབར་གྱི་མི་ཆོས་སྤེལ་རེས་ལ་ཟམ་མི་ཆད་པར་ཤུགས་བརྒྱབ་སྟེ་གཞོན་ནུའི་འགན་འཁྲི་ཁུར་སེམས་དང་བྱ་སྤྱོད་དངོས་ནས་རླབས་ཆེའི་ཀྲུང་གོའི་ཕུགས་འདུན་འགྲུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད་པ་རེད།
       རྒྱལ་ཡོངས་ཀྱི་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)20དང་གྲོང་ཁྱེར་23གྱི་སྡེ་ཚོགས་ལས་བྱེད་པ་དང་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་ཀྱི་འཐུས་མིས“རྒྱུད་གཅིག་ལམ་གཅིག”འཐབ་ཇུས་ཁྲོད་ཀྱི་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་ཀྱི་ནུས་པ་དང་འགན་འཁྲིའི་བརྗོད་དོན་དེར་དམིགས་ནས་བསམ་བློ་བརྗེ་རེས་དང་ཉམས་མྱོང་མཉམ་སྤྱོད་བྱས་པ་མ་ཟད། ད་དུང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཕྱི་ཕྱོགས་འགྲོ་འོང་གི་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་དང་། དཔེ་སྟོན་རྣམ་གྲངས། ཨེ་ཤེ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་རིག་གནས་བསམ་བཀོད་ཚོང་འདུས་སུ་ལྟ་སྐོར་ཡང་བྱས་པ་རེད།
      ཉེ་བའི་ལོ་ཤས་རིང་། “རྒྱུད་གཅིག་ལམ་གཅིག”དང་དེ་བཞིན་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་བྱེད་རིམ་མགྱོགས་སུ་ཕྱིན་པ་དང་སྦྲགས། ཀོང་ཤིས་འདི་ཉིད་ཉིན་རེ་མ་འདས་པར་ཀྲུང་གོས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ལ་སྒོ་མོ་འབྱེད་པའི་ས་ཆ་གལ་ཆེན་ཞིག་ཏུ་གྱུར་བ་མ་ཟད། གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་མཉམ་ལས་བྱས་པའི་ས་ཁུལ་གལ་ཆེན་ཞིག་ཏུའང་གྱུར་ཡོད། 2016ལོའི་ཟླ་7པར་གུང་གཞོན་སྡེ་ཚོགས་ཀོང་ཤིས་ཆུས་ཨུད་ཀྱིས་ཀོང་ཤིས་དགེ་འོས་སློབ་ཆེན་དང་མཉམ་དུ་ཀྲུང་གོ་དང་ཨེ་ཤེ་ཡའི་ཤར་ལྷོའི་མནའ་འབྲེལ་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་འཕེལ་རྒྱས་ཞིབ་འཇུག་ཁང་དང་ཀོང་ཤིས་གཞོན་ནུའི་སྤྱི་ཚོགས་རྩ་འཛུགས་གསོ་སྦྱོང་ལྟེ་གནས་བཙུགས་ཡོད། སློབ་གླིང་དེས་ཤེས་ལྡན་མི་སྣ་གསོ་སྦྱོང་དང་། ཚན་རིག་ཞིབ་འཇུག སྲིད་ཇུས་བློ་འདྲི། གླེང་ཕྱོགས་ཁྲིད་སྟོན། ཕྱི་ཕྱོགས་སྤེལ་རེས། སྤྱི་ཚོགས་ཞབས་ཞུ་སོགས་ཀྱི་ནུས་པ་འདོན་སྤེལ་བྱས་ཁར། ཀོང་ཤིས་ལ་གཞི་ཚུགས་པ་དང་རྒྱལ་ཡོངས་ལ་ཕྱོགས་ནས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དང་དེ་མིན་གྱི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་དང་ས་ཁུལ་ལ་ཁྱབ་འགྱེད་ཐུབ་ཡོད་པ་རེད།