འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྤྱིའི་གཞུང་གྲུ་གཏོང་བའི་འགྲན་བསྡུར་སྐབས་དང་པོ་ཡར་ཀླུང་
    གཙང་པོའི་ངོགས་སུ་གཉེར་བ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་16ཉིན། ཀྲུང་གོ་དང་ནེ་པ་ལའི་རྒྱལ་སྤྱིའི་གཞུང་གྲུ་གཏོང་བའི་མཛའ་གྲོགས་འགྲན་བསྡུར་བོད་ལྗོངས་སྙེ་མོ་རྫོང་ཁོངས་ཀྱི་ཡར་ཀླུང་གཙང་པོའི་ངོགས་སུ་གཉེར་བ་དང་། འགྲན་བསྡུར་དུ་མི་རྐྱང་གི་དྲག་འབབ་ཆུ་རྒྱུན་གྱི་གྲུ་གཟིངས་མྱུར་ཚད་འགྲན་བསྡུར་དང་དབུགས་བཀང་གཞུང་གྲུ་གཏོང་བའི་འགྲན་བསྡུར་གྱི་རྣམ་གྲངས་གཉིས་བཀོད་སྒྲིག་བྱས་པར་ཀྲུང་གོ་དང་ནེ་པ་ལའི་ལུས་རྩལ་པ་ཁྱོན་27འགྲན་བསྡུར་ནང་ཞུགས་པ་རེད།
          ཐེངས་འདིའི་འགྲན་བསྡུར་གྱི་ཤན་འབྱེད་པ་གཙོ་བོ་ཏུའུ་ཆིང་ཅེས“སྤྱི་ལེ་5ཙམ་ཡོད་པའི་འགྲན་བསྡུར་དུམ་བུའི་ཁྲོད་རྣམ་གྲངས་གཉིས་པོའི་རུ་མི་ཚང་མས་དྲག་འབབ་ཆུ་རྒྱུན་དུམ་བུ་ཆེ་གྲས་3དང་ཆུང་གྲས་1བརྒྱུད་དགོས་པ་དེའི་ནང་དུམ་བུ་གཅིག་གི་རྦ་རླབས་མཐོ་ཚད་སྨི་གཅིག་ཙམ་ཟིན་པ་དང་འབྲེལ་མཐར་མགྱོགས་ཤོས་དེར་རྒྱལ་ཁ་ཐོབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲན་བསྡུར་དེ་བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱིས་གཙོ་གཉེར་བྱས་པ་དང་འགྲན་བསྡུར་དུམ་བུ་དེའང་འགྲན་དོན་སྒྲིག་འཛུགས་ཨུ་ལྷན་གྱིས་དུས་ཡུན་ལོ་གཅིག་ལྷག་ཙམ་ནང་རྩད་ཞིབ་ཡང་ཡང་བྱས་ཏེ་གཏན་འཁེལ་བྱས་པ་ཞིག་ཡིན་ཞིང་། ཆུ་ཁོངས་དང་། རོགས་སྐྱོབ། འགྲིམ་འགྲུལ་སོགས་ཀྱི་ཆ་རྐྱེན་ཚང་མ་གཞུང་གྲུ་གཏོང་བའི་ཆེད་ལས་ཀྱི་དགོས་མཁོ་དང་མཐུན་ཡོད།
          བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཧུའུ་པིན་གྱིས“ཀྲུང་གོའི་ཆུའི་ཐོན་ཁུངས་འཛོམས་ཤོས་ཡིན་པའི་བོད་དུ་ཆུ་ཐོག་ལུས་རྩལ་འཕེལ་རྒྱས་གཏོང་བར་ཐུན་མོང་མ་ཡིན་པའི་རང་བྱུང་ལེགས་ཆ་དང་གཞི་རྩའི་ཆ་རྐྱེན་ལྡན་ཡོད། ང་ཚོས་ད་ཐེངས་ཀྱི་འགྲན་བསྡུར་དེ་འགོ་འཛུགས་ས་གསར་པར་བརྩིས་ནས་རྒྱལ་སྤྱིའི་ཆུ་ཐོག་ལུས་རྩལ་གྱི་སྤུས་རྟགས་རྩེ་གྲ་ཧུར་ཐག་ངང་བཏོད་དེ་བོད་འདི་ཉིད‘ཁང་ཕྱིའི་སུམ་རྩེན་ཡུལ’དུ་དངོས་སུ་འགྱུར་པ་བྱ་རྒྱུ་ཡིན”ཞེས་བཤད།
          འགྲན་བསྡུར་འཁྲུག་པོ་བྱས་པ་བརྒྱུད་མི་རྐྱང་གི་དྲག་འབབ་ཆུ་རྒྱུན་གྱི་གྲུ་གཟིངས་འགྲན་བསྡུར་ཁྲོད་ནེ་པ་ལའི་བདམས་ཐོན་པ་ཏི་ཉི་སིས་ཨང་དང་པོ་བླངས་པ་དང་ཀྲུང་གོའི་ཧྥུའུ་ཅན་གྱི་བདམས་ཐོན་པ་ལི་ཤིན་དང་ལུའུ་ལུང་ལུང་གིས་ཨང་གཉིས་པ་དང་གསུམ་པ་སོ་སོར་བླངས་པ་དང་། དབུགས་བཀང་གཞུང་གྲུ་གཏོང་བའི་འགྲན་བསྡུར་ཁྲོད་ཀྲུང་གོའི་ཧྥུའུ་ཅན་ཀྲང་ཀྲོའུ་རུ་ཁག་གིས་ཨང་དང་པོ་བླངས་པ་དང་ནེ་པ་ལའི་རུ་ཁག་དང་ཀྲུང་གོའི་ཧྥུའུ་ཅན་ཉིང་ཏེ་རུ་ཁག་གིས་ཨང་གཉིས་པ་དང་གསུམ་པ་སོ་སོར་བླངས་པ་རེད།
          ལོ་22ལ་སླེབས་པའི་ཏི་ཉི་སིས“ཀྲུང་གོ་དང་ནེ་པ་ལས་ཐེངས་དང་པོ་གཉེར་བའི་གཞུང་གྲུ་གཏོང་བའི་འགྲན་བསྡུར་ནང་ཞུགས་རྒྱུ་བྱུང་བར་རང་ཉིད་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་རང་ཉིད་ཀྲུང་གོར་ཡོང་ནས་གཞུང་གྲུ་གཏོང་བའི་མཛའ་གྲོགས་སྤེལ་རེས་འགྲན་བསྡུར་དེ་ལྟ་བུའི་ནང་ཞུགས་རྒྱུའི་གོ་སྐབས་མང་ཙམ་ཐོབ་རེ་བྱེད་ཀྱི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།