འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་བོད་ས་མཐོར་གཞི་ཁྱོན་ཆེ་བའི་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་19ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་17ཉིན་གྱི་སྔ་དྲོ་གཙང་པོ་དང་མཚེའུའི་ཆུ་འགོའི་ཚན་རིག་རྟོག་ཞིབ་རུ་ཁག་ལྷ་ས་ནས་ཐོན་པ་དེ་ཐོག་ནས་ལོ་50ཙམ་སོང་རྗེས་རང་རྒྱལ་གྱི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སྒོ་ཐེངས་གཉིས་པ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད། སླད་ཕྱིན་གྱི་ལོ་ལྔ་ནས་བཅུའི་བར་ཚན་རིག་ཞིབ་འཇུག་ལས་དོན་པ་འབོར་ཆེན་གྱིས་ཁྱགས་རོམ་དང་ཁོར་ཡུག་འགྱུར་ལྡོག་དང་། མཚེའུ་དང་ཆུ་དཔྱད་གནམ་གཤིས། སྐྱེ་དངོས་དང་སྣོད་བཅུད་འགྱུར་ལྡོག གནའ་བོའི་སྣོད་བཅུད་དང་གནའ་བོའི་ཁོར་ཡུག་སོགས་ཐད་ནས་ངོ་མཚར་ཆེ་ལ་དཔོག་པར་དཀའ་བའི“སའི་གོ་ལའི་སྣེ་མོ་གསུམ་པར”གཞི་ཁྱོན་ཆེ་བའི་ཕྱོགས་བསྡུས་ཀྱི་ཚན་རིག་རྟོག་ཞིབ་ཆེན་པོ་ཞིག་བྱ་རྒྱུ་རེད།
          ད་ཐེངས་ཀྱི་གཞི་ཁྱོན་ཆེ་བའི་ཚན་རིག་རྟོག་ཞིབ་ཀྱི་དམིགས་ཡུལ་ནི་ལོ་བཅུ་གྲངས་རིང་གི་མཚོ་བོད་ས་མཐོའི་སྣོད་བཅུད་འགྱུར་ལྡོག་ཁོང་དུ་ཆུད་པ་བྱ་རྒྱུ་དེ་རེད། ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོ་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ད་ཐེངས་ཚན་རིག་རྟོག་ཞིབ་མཐུན་སྦྱོར་ཚོགས་ཆུང་གི་ཙུའུ་ཀྲང་ཞུས་པོ་ཆིང་གིས་དེ་རིང་འགོ་ཚུགས་པའི་གཙང་པོ་དང་མཚེའུའི་ཆུ་འགོའི་ཚན་རིག་རྟོག་ཞིབ་ཁག་དང་པོས་འབྲི་ཆུའི་ཆུ་འགོ་སྐུ་ལྷ་དར་གདོང་གངས་རིའི་རྩེ་དང་། འཛམ་གླིང་ཐོག་འཕྲེད་ཐིག་གི་ཏུའུ་གྲངས་འབྲིང་དམའི་ཁྱགས་རོམ་ཆེ་ཤོས་བུ་རོགས་གངས་རི། བོད་ཀྱི་མཚོ་ཆེ་ཤོས་སེར་གླིང་མཚོ་སོགས་སུ་བསྐྱོད་དེ་གནའ་བོའི་སྣོད་བཅུད་དང་གནའ་བོའི་ཁོར་ཡུག་དང་། མཚེའུ་དང་ཆུ་དཔྱད་གནམ་གཤིས། སྣོད་བཅུད་དང་སྐྱེ་དངོས་ཁོར་ཡུག ཁྱགས་རོམ་དང་ཁོར་ཡུག་འགྱུར་ལྡོག་སོགས་ཐད་ནས་མཚོ་བོད་ས་མཐོར་ཚན་རིག་རྟོག་ཞིབ་བྱ་རྒྱུ་རེད།
           ཆ་སྙོམས་ས་བབ་མཐོ་ཚད་སྨི་4000ཡན་གྱི་མཚོ་བོད་ས་མཐོ་ནི་རང་རྒྱལ་དང་དེ་བཞིན་ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་ཁུལ་གྱི་གཙང་པོའི་ཆུ་འགོ་ཡིན་པས་ཨེ་ཤེ་ཡ་དང་ཐ་ན་སའི་གོ་ལའི་ཕྱེད་བྱང་མའི་གནམ་གཤིས་འགྱུར་ལྡོག་གི“སྒུལ་ཆས”དང“སྙོམས་སྒྲིག་ཁུལ”ཞེས་བརྗོད་ཀྱི་ཡོད། མཚོ་བོད་ས་མཐོའི་ཁོངས་གཏོགས་ཀྱི་སྣོད་བཅུད་མ་ལག་ལ་རིགས་སྣ་མང་ལྡན་པ་དང་བདག་ཏུ་མ་བཟུང་བའི་སྲོག་ཆགས་དང་རྩི་ཤིང་སྣ་ཁ་མང་པོ་ཡོད་པས་འཛམ་གླིང་ཐོག་རི་ཁུལ་གྱི་སྐྱེ་དངོས་རིགས་ཁག་དབྱེ་དང་འཕེལ་གྲུབ་ཀྱི་ལྟེ་གནས་གཙོ་བོ་དེ་ཡིན། ཉེ་བའི་ལོ་ཤས་རིང་མཚོ་བོད་ས་མཐོའི་ས་ཁུལ་གྱི་ཁོར་ཡུག་འགྱུར་ལྡོག་འགྲོ་མགྱོགས་སུ་ཕྱིན་ནས་དྲོད་ཚད་འཕར་བ་དང་། ཆར་ཆུ་བབས་ཚད་ཆེ་རུ་སོང་བ། ཁྱགས་རོམ་བཞུར་མགྱོགས་སུ་ཕྱིན་པ། མཚེའུའི་ཆུ་ཁ་རྒྱས་པ། ཆར་ཆུ་མང་དུ་སོང་བ་བཅས་ཀྱི་རྐྱེན་པས་བོད་ཀྱི་མཚོ་ཆེ་ཤོས་གཉིས་པ་ཡིན་པའི་སེར་གླིང་མཚོ་དེ་བཞིན་བོད་ཀྱི་མཚོ་ཆེ་ཤོས་སུ་གྱུར་པ་དང་མཚོ་བོད་ས་མཐོ་འདི་རང་རྒྱལ་གྱི་གནམ་གཤིས་དང་ཁོར་ཡུག་འགྱུར་ལྡོག་ཆེ་ཤོས་དང་འགྱུར་ལྡོག་འགྲོ་མགྱོགས་ཤོས་ཀྱི་ས་ཁུལ་གྲས་སུ་གྱུར་ཡོད།
          ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་དུས་རབས་གོང་མའི་ལོ་རབས་ལྔ་བཅུའི་དུས་འགོ་ནས་ལོ་རབས་བརྒྱད་ཅུའི་དུས་མཇུག་བར་གཞི་ཁྱོན་ཆེ་བའི་མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཐེངས་གཅིག་བྱེད་མྱོང་ཡོད། སྐབས་དེ་དུས་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་འབོར་ཆེན་བྱུང་ནས་མཚོ་བོད་ས་མཐོའི་ཚན་རིག་ཞིབ་འཇུག་གི་སྟོང་ཆ་མང་པོ་གསབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།