འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་རྔ་པ་འཛམ་ཐང་རྫོང་གི་དབྱར་རྩྭ་དགུན་འབུ་འཐུ་མཁན་ཕྲུ་གུ་ཚང་མ་སློབ་གྲྭར་
    ཕྱིར་ལོག་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 15:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྡོ་སྟོད་ཡུལ་ཤང་ལྟེ་བའི་སློབ་གྲྭས་འཁྲུག་ཆ་དོད་ཤོས་ཀྱི་བྱིས་པའི་དུས་ཆེན་ཞིག་བཏང་ཞིང་། དགེ་སློབ་དང་ཁྱིམ་བདག་ཚུད་པའི་མི་500ལྷག་ཙམ་ཐག་རིང་འབྲོག་ཁུལ་སློབ་ཆུང་དེའི་ཐང་ཆེན་ཐོག་དགའ་སྤྲོ་མཉམ་འཛོམས་བྱས་པ་དང་། ཕྲུ་གུ་ཚོས་བྲོ་འཁྲབ་པ་མ་ཟད་སྙན་ངག་གྱེར་འདོན་དང་གཏམ་བརྗོད་ཐུང་ངོ་འཁྲབ་སྟོན་བྱས་པ་རེད།
          སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཀྲོའུ་འཛམ་ཐང་རྫོང་དུ་ཡོད་པའི་གྲོང་གསེབ་ཀྱི་སློབ་གྲྭ་དེར་འགྱུར་ལྡོག་ཆེན་པོ་བྱུང་བ་སྟེ། ལོ་ལྔའི་ནང་སློབ་མ་100ལྷག་ཙམ་ནས་360ལྷག་ཙམ་བར་མང་དུ་ཕྱིན་ཡོད། ལྷག་པར་དུ་གླེང་དགོས་པ་ཞིག་ལ་ཟླ་5དང་ཟླ་6པར་དབྱར་རྩྭ་དགུན་འབུ་འཐུ་མཁན་གྱི་ཕྲུ་གུ་ཚང་མ་སློབ་གྲྭར་ཕྱིར་ལོག་བྱས་ཡོད་པ་རེད།
          འཛམ་ཐང་རྫོང་གི་མིའི་རེའི་ཆ་སྙོམས་ཡོང་འབབ་སྒོར་8000ཡང་ཟིན་གྱི་མེད་པ་དང་། དེའི་ནང་ནས་འཚོ་རྟེན་དངུལ་ཕྱེད་ཀ་ནི་རྒྱལ་ཁབ་ཀྱི་སྐྱོབ་གསོར་བརྟེན་གྱི་ཡོད། དབྱར་རྩྭ་དགུན་འབུ་ཡག་པ་གཅིག་ལ་སྒོར་50བྱེད་ཀྱི་ཡོད། ཕྲུ་གུ་མིག་ཤེད་ལེགས་པ་དང་སྤྱང་གྲུང་དོད་པར་བརྟེན་ཁྱིམ་ཚང་ནང་གི་དབྱར་རྩྭ་དགུན་འབུ་འཐུ་མཁན་གྱི་ངལ་རྩོལ་ནུས་ཤུགས་གཙོ་བོར་གྱུར་ཡོད།
          2012ལོའི་ཟླ་དགུ་པར་རྡོ་སྟོད་ཡུལ་ཤང་ལྟེ་བའི་སློབ་གྲྭའི་དགེ་རྒན་18མཉམ་དུ་འཛོམས་ཏེ་གང་འདྲ་བྱས་ནས་སློབ་མ་སློབ་བྱོལ་དང་སློབ་གྲྭ་ནས་དོན་པའི་གནད་དོན་ཐག་གཅོད་བྱ་རྒྱུར་གྲོས་བསྡུར་བྱས་ཤིང་། དགེ་རྒན་ཚོས་སློབ་གྲྭ་མ་འཚུགས་གོང་དུ་སློབ་མའི་ཁྱིམ་བདག་དང་འབྲེལ་བ་བྱས་ནས་ཕྲུ་གུ་སློབ་གྲྭར་གཏོང་དུ་འཇུག་རྒྱུའི་ཐག་བཅད་པ་རེད།
         ད་ཕན་ལོ་ཤས་རིང་སི་ཁྲོན་ཞིང་ཆེན་གྱིས་རྩ་ཆག་སློབ་གསོ་མུ་མཐུད་ཁྱབ་གདལ་བཏང་བར་བརྟེན་ཁྱིམ་ཚང་སྐྱོ་བའི་ཕྲུ་གུའི་སློབ་ཡོན་གྱི་སེམས་ཁྲལ་སེལ་ཐུབ་པ་བྱུང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2013ལོར་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཀྲོའུ་ཡིས་ཞིང་ཆེན་དེའི་ནང་སྔོན་ལ་ལོ་བཅོ་ལྔའི་རིན་མེད་སློབ་གསོ་ཁྱབ་གདལ་བཏང་བ་དང་སློབ་ཞུགས་གོང་གི་སློབ་གསོ་དང་མཐོ་རིམ་སློབ་འབྲིང་གི་སློབ་གསོར་ལོ་བཅོ་ལྔའི་རིན་མེད་འཆར་གཞི་ལག་བསྟར་བྱས་ཡོད།
          མཐར་དགེ་རྒན་ཚོས་སྤེལ་བའི་ལས་དོན་ལ་གྲུབ་འབྲས་ཐོབ་པ་མ་ཟད། ཁྱིམ་བདག་མང་པོ་ཞིག་ལ་སེམས་འགུལ་ཐེབས་ཤིང་། 2012ལོའི་ཟླ་9པར་སློབ་འགོ་ཚུགས་སྐབས་ལོ་རིམ་དང་པོའི་སློབ་མ་60ལྷག་ཙམ་ཚང་མ་སློབ་གྲྭར་འབྱོར་ཡོད་རེད། དུས་དེ་ནས་བཟུང་མིང་ཐོ་འགོད་མཁན་གྱི་སློབ་མ་ལོ་རེ་བཞིན་མ་འདས་པར་མང་དུ་ཕྱིན་ཡོད་ཅིང་། སློབ་གྲྭ་མ་ཚུགས་གོང་ཁྱིམ་བདག་ལ་ཁ་ཏ་བསླབ་བྱ་བྱེད་པའི་བྱེད་ཐབས་དེ་ད་བར་རྒྱུན་འཁྱོངས་བྱས་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།