འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་བདེ་ཐང་དབུལ་སྐྱོར་འདུ་འགོད་ཀྱིས་ནད་པ་དབུལ་པོ་ཁྲི་260ལྷག་ཙམ་ལ་
    སྨན་བཅོས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་གྱི་བདེ་ཐང་དབུལ་སྐྱོར་ལས་དོན་ལ་གྲུབ་འབྲས་མི་དམན་པ་ཞིག་ཐོབ་པ་དང་རྒྱལ་ཡོངས་ཀྱི་ནད་ཕོག་པའི་རྐྱེན་གྱིས་སླར་ཡང་དབུལ་པོར་གྱུར་པའི་དུད་ཚང་ཁྲི་553དང་ནད་པ་ཁྲི་734ལ་བདེ་ཐང་དབུལ་སྐྱོར་ལས་དོན་གྱི་གསལ་ཐོ་དང་འགུལ་ཚུལ་དོ་དམ་གྱི་གྲངས་གཞིའི་མཛོད་བཟོས་པ་དང་འདི་ལོའི་ཟླ་བ་ལྔ་པའི་ཟླ་མཇུག་བར་ནད་པ་ཁྲི་260ལྷག་ཙམ་ལ་རིགས་དབྱེ་སྨན་བཅོས་བྱས་ཡོད་པ་རེད། 
          དེ་ནི་གསར་འགོད་པས་ཚེས་8ཉིན་ཁྲེང་ཏུར་འཚོགས་པའི་རྒྱལ་ཡོངས་བདེ་ཐང་དབུལ་སྐྱོར་ལས་དོན་གྱི་ས་གནས་ས་ཐོག་གི་སྐུལ་འདེད་གཏོང་བའི་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། 
          རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱི་ཀྲུའུ་རེན་ལི་པིན་གྱིས་ཚོགས་འདུའི་ཐོག་2016ལོར་རང་རྒྱལ་དུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་ཚང་མར་ཁྱབ་ཡོད་པ་དང་སྲིད་ཇུས་ཁྱབ་ཁོངས་ནང་སྨན་ཁང་དུ་བསྡད་པའི་སྨན་རིན་བརྩི་ཞུའི་བསྡུར་ཚད་དེ་བརྒྱ་ཆའི་གྲངས་5ཡན་དུ་མཐོ་རུ་བཏང་ཡོད། 2016ལོར་གྲོང་གསེབ་ཀྱི་མི་འབོར་དབུལ་པོར་སྨན་རིན་ཁ་གསབ་བྱེད་ཚད་67.6%ཟིན་པར་བརྟེན་མི་སྒེར་གྱི་ཁུར་པོ་སྔར་བས་ཡང་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་། 
           “བདེ་སྐྱིད་འཚོ་བ་ནི་གནམ་ནས་ལྷུངས་པ་མིན། འཚོ་བ་ཡག་པོ་ནི་ངལ་རྩོལ་ལ་བརྟེན་ནས་བྱུང་བ་ཞིག་ཡིན”ལི་པིན་གྱིས་མིག་སྔར་བདེ་ཐང་དབུལ་སྐྱོར་དེ་གྲོང་ཁྱེར་སྒྲོལ་བ་དང་གྲོང་གསེབ་ཏུ་ཁྱབ་གདལ་གཏོང་བའི་འགག་རྩའི་དུས་མཚམས་སུ་སླེབས་ཡོད། རང་རྒྱལ་གྱི་རྒྱལ་ཁབ་དང་ལས་རིགས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ“ཁག་གཅིག་གསུམ”གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ནས་ནད་ཆེན་གཅིག་སྡུད་ཐོག་སྨན་བཅོས་བྱེད་པ་དང་། གཅོང་ནད་ལ་གན་རྒྱ་འཇོག་པའི་ཞབས་ཞུའི་དོ་དམ་ཁྱབ་གདལ་གཏོང་བ། ནད་ལྕི་ཕོག་མཁན་ལ་མཐའ་སྐྱོང་འགན་ལེན་ལམ་སྲོལ་ཕྱོགས་ཡོངས་ནས་འཛུགས་པ་བཅས་བྱེད་དགོས། ནད་ཆེན་གཅིག་སྡུད་སྨན་བཅོས་ཐད་2017ལོའི་ལོ་མཇུག་གོང་བྱིས་པའི་ཁྲག་རིལ་དཀར་པོའི་འབྲས་སྐྲན་དང་། བྱིས་པའི་ལྷན་སྐྱེས་སྙིང་ནད། མིད་པའི་འབྲས་སྐྲན་སོགས་ནད་ཆེན་དགུ་ལ་གཅིག་སྡུད་སྨན་བཅོས་བྱ་རྒྱུ་དེ་ས་ཁུལ་དབུལ་པོ་ཡོད་དོ་ཅོག་ལ་ཁྱབ་རྒྱུ་འགན་ལེན་དང་། 2018ལོའི་ལོ་མཇུག་ཏུ་སླེབས་སྐབས་ནད་ཆེན་གཅིག་སྡུད་སྨན་བཅོས་ལས་དོན་དེ་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་དང་། གྲོང་གསེབ་ཀྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ། སྐྱོབ་གསོ་ལེན་མཁན། གྲོང་གསེབ་ཀྱི་འཆར་ལྡན་བུ་བཙའི་དམིགས་བསལ་དཀའ་ངལ་ཡོད་པའི་ཁྱིམ་ཚང་བཅས་ལ་ཁྱབ་རྒྱུ་འགན་ལེན། ས་གནས་ཁག་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ནད་རིགས་གཅིག་སྡུད་སྨན་བཅོས་བྱེད་ཚད་རིམ་གྱིས་རྒྱ་ཆེར་བཏང་ནས་ནད་ཆེན་གཅིག་སྡུད་སྨན་བཅོས་བྱེད་པའི་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་ལས་འགན་གྱི་མྱུར་ཚད་དང་འཚམ་ཐུབ་པ་བྱས་ནས་2020ལོར་སླེབས་སྐབས་གྲོང་གསེབ་ཀྱི་ནད་ཆེན་ཕོག་པའི་ནད་པ་ཚང་མར་སྨན་བཅོས་བྱེད་པ་དང་ནད་པ་གཅིག་ཀྱང་མི་ལུས་པ་བྱ་རྒྱུ་འགན་ལེན་བཅས“འགན་ལེན་གསུམ”གྱི་ལས་དོན་བསྒྲུབས་དགོས་ཞེས་ངོ་སྤྲོད་བྱས་བྱུང་།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།