འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ཚང་མ་སྤྲད་ཟིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ནོར་སྲིད་པུས་ཀྲུང་དབྱང་ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་307.01སྤྲད་པའི་ཐོག་2016ལོའི་ཟླ་10པར་སྔ་སྣུར་དུ་སྤྲད་པའི་སྒོར་དུང་ཕྱུར་553.94བསྣན་ན་2017ལོར་སྔོན་རྩིས་ལྟར་གྱི་ས་གནས་ལ་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་སྒོར་དུང་ཕྱུར་860.95ཁ་གསབ་སྤྲོད་རྒྱུའི་བཀོད་སྒྲིག་བྱས་པ་ཚང་མ་ས་གནས་ལ་སྤྲད་ཟིན་པ་རེད། 
          《ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་དོ་དམ་བྱ་ཐབས་》གསར་པ་ལྟར། རྒྱུ་རྐྱེན་དབྱེ་ཞིབ་བྱེད་ཐབས་སྤྱད་ནས་ཀྲུང་དབྱང་ནོར་སྲིད་ཀྱི་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ཚོད་རྩིས་བགོ་འགྲེམས་བརྒྱབ་སྟེ་དབུལ་སྐྱོར་འཕེལ་རྒྱས་དང་། གྲངས་ཉུང་མི་རིགས་འཕེལ་རྒྱས། ལས་སྤྲོད་རྒུད་གསབ། གཞུང་ཁོངས་ཞིང་ར་དབུལ་པོར་རྒྱབ་སྐྱོར། གཞུང་ཁོངས་ནགས་ར་དབུལ་པོར་རྒྱབ་སྐྱོར། “ཤིས་གསུམ”ཞིང་ལས་འཛུགས་སྐྲུན་སོགས་ལ་རྒྱབ་སྐྱོར་བྱ་རྒྱུའི་ཐད་སྤྱོད་རྒྱུ་ཡིན་པ་རེད། མ་དངུལ་དེ་དག་ནུབ་རྒྱུད་ས་ཁུལ་དང་། གསར་བརྗེའི་ཁུལ་རྙིང་པའི་ས་ཁུལ་དབུལ་པོ། མི་རིགས་ས་ཁུལ་དབུལ་པོ། མཐའ་མཚམས་ས་ཁུལ་དབུལ་པོ། ཡུག་སྦྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་བཅས་སུ་ཕྱོགས་ནས་བགོ་འགྲེམས་རྒྱག་རྒྱུ་ཡིན་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ས་གཙོ་བོར་དམིགས་ནས་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན་22ལ་བགོ་འགྲེམས་བརྒྱབ་པའི་མ་དངུལ་གཞི་ཁྱོན་གྱིས་སྤྱིའི་གཞི་ཁྱོན་གྱི་97.4%ཟིན་ཡོད། དེ་དང་ཆབས་ཅིག ཀྲུང་དབྱང་ནོར་སྲིད་ཀྱིས་བོད་དང་ཞིང་ཆེན་བཞིའི་བོད་རིགས་ས་ཁུལ་དང་། ཤིན་ཅང་ལྷོ་རྒྱུད་ཀྱི་ས་ཁུལ་དང་ཀྲོའུ་བཞི། ལེའང་ཧྲན། རྒྱལ་མོ་རྔུལ་ཆུ། ཀ་ཇུ་སོགས་ཧ་ཅང་དབུལ་བའི་ས་ཁུལ་དང་མི་རིགས་ས་ཁུལ་ལ་རྒྱབ་སྐྱོར་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་རེད། 
        ནོར་སྲིད་པུས་བླང་བྱ་བཏོན་དོན། ས་གནས་ཁག་གིས་《དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་རྒྱལ་ཁ་ཕུ་ཐག་གཅོད་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཏན་འབེབས་》སོགས་ཡིག་ཆའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། ནོར་སྲིད་ཆེད་སྤྱོད་དབུལ་སྐྱོར་མ་དངུལ་ལ་དོ་དམ་ཏན་ཏིག་བྱེད་པ་དང་མ་དངུལ་རྣམ་གྲངས་ཞིབ་བཤེར་ཆོག་མཆན་དབང་ཆ་རྫོང་དུ་གཤམ་སྤྲོད་བྱས་ནས་རྫོང་དབུལ་པོས་མ་དངུལ་སྤྱོད་རྒྱུར་སྤྱི་འདོམས་དང་བསྡུ་སྒྲིལ་བྱ་རྒྱུར་རྒྱབ་སྐྱོར་བྱས་ཁར། མ་དངུལ་བདེ་འཇགས་འགན་ལེན་ཐུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག མ་དངུལ་སྤྲོད་མགྱོགས་སུ་བཏང་ནས་མ་དངུལ་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་ཏན་ཏིག་གཏོང་དགོས།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།