འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཚན་རྩལ་འདུས་ཚད་མཐོ་བའི་གྲུབ་འབྲས་ཁག་
    གཅིག་པེ་ཅིང་ཚན་རྩལ་སྟོན་ཚོགས་ནང་ཞུགས་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་8ཉིན། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་ཚན་རྩལ་འདུས་ཚད་མཐོ་བའི་གྲུབ་འབྲས་ཁག་གཅིག་སྐབས་20པའི་པེ་ཅིང་རྒྱལ་སྤྱིའི་ཚན་རྩལ་ཐོན་ལས་སྟོན་ཚོགས་ནང་ཞུགས་པ་རེད།
          ཚེས་8ཉིན་གྱི་སྔ་དྲོ། ཀྲུང་གོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཀྱི་འགྲེམས་ཁང་དང་པོའི་ནང་མི་ཚོགས་ཀྱིས་ཁེངས་ཤིང་། དེའི་ནང་ཚན་རྩལ་ཐོན་རྫས་དཔེ་གསར་སྣ་ཚོགས་ལྟ་བས་མི་ངོམ་པ་ཞིག་ཡོད། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་ཁྱབ་ཁོངས་ཀྱི་ཚན་རྩལ་གྲུབ་འབྲས་གསར་ཤོས་དེ་དག་འདི་ལོའི་སྟོན་ཚོགས་ཐོག་གི་བཀྲག་མདངས་འཚེར་སར་གྱུར་ཡོད།
          འཇིག་རྟེན་འཕུར་སྐྱོད་ཀྱི་ཚན་རྩལ་གྲུབ་འབྲས་འགྲེམས་ཁུལ་དུ་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་ཚོགས་པས་བཏོན་པའི་རྒྱང་སྐྱོད་རྟགས་ཅན་གྱི་མེ་ཤུགས་འཕུར་མདའ་དང་བྱང་སྐར་སྤུན་བདུན་རྟགས་ཅན་ཕྱོགས་སྟོན་མ་ལག་སོགས་རྒྱལ་ཁབ་ཀྱི་ཚན་རྩལ་ཆེད་དོན་གྲུབ་འབྲས་གལ་ཆེན་གྱིས་ལྟ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
          སྐབས་20པའི་ཚན་རྩལ་སྟོན་ཚོགས་སྒྲིག་འཛུགས་ཨུ་ལྷན་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་ལིན་པིན་གྱིས་སྐབས་འདིའི་ཚན་རྩལ་འགྲེམས་ཚོགས་ཀྱིས“ཚན་རྩལ་གྱིས་མཉམ་འདྲེས་གསར་གཏོད་ལ་སྣེ་ཁྲིད་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ་རྒྱལ་ཁབ་ཀྱི་གསར་གཏོད་འཕེལ་རྒྱས་ཀྱི་ཇུས་གཞི་གསར་པ་དང་སྲིད་ཇུས་གསར་པ་གཅིག་སྡུད་ཐོག་དྲིལ་བསྒྲགས་བྱས་ཡོད་ལ། འཇིག་རྟེན་འཕུར་སྐྱོད་ཚན་རྩལ་དང་ཆ་འཕྲིན་ལག་རྩལ་སོགས་ཞིབ་ཚགས་ལ་རྩེར་སོན་གྱི་ཚན་རྩལ་གྲུབ་འབྲས་ངོམ་སྟོན་ཡང་བྱས་ཡོད།
          པེ་ཅིང་ཚན་རྩལ་སྟོན་ཚོགས་ནི་རང་རྒྱལ་གྱི་རྒྱལ་ཁབ་རིམ་པའི་ཚན་རྩལ་ཚོགས་འགྲེམས་བྱེད་སྒོ་ཆེ་གྲས་ཐོག་མ་དེ་ཡིན་ཞིང་། འདི་ལོ་ནི་འགྲེམས་ཚོགས་གཉེར་ཐེངས་20པ་དེ་ཡིན། བསྡོམས་རྩིས་རགས་ཙམ་བྱས་པར་གཞིགས་ན། དེ་གོང་གི་སྐབས་19པ་བར་གྱི་ཚན་རྩལ་སྟོན་ཚོགས་ཐོག་རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་གྱི་མངའ་ཁོངས་ཕྱིའི་སྲིད་གཞུང་སྡེ་ཚན་དང་ཚན་རྩལ་དཔལ་འབྱོར་ཉོ་ཚོང་གི་འཐུས་མི་ཚོགས་པ་900ལྷག་ཙམ་ཚན་རྩལ་སྟོན་ཚོགས་ནང་ཞུགས་པ་དང་སྟོན་ཚོགས་ལ་ཞུགས་མཁན་མི་ཐེངས་ཁྲི་520ལྷག་ཙམ་ཟིན་ཡོད། དེའི་རིང་རྒྱལ་ཁབ་ཕྱི་ནང་གི་མ་འཇོག་མཉམ་ལས་དང་། ལག་རྩལ་ཚོང་དོན། གྲོང་ཁྱེར་འཕེལ་རྒྱས་ཀྱི་གཙོ་གནད་རྣམ་གྲངས་སོགས་དང་འབྲེལ་བའི་དཔལ་འབྱོར་ཚོང་དོན་གྱི་ངོ་འཕྲད་གྲོས་མོལ་ཐེངས་200ལྷག་ཙམ་བྱས་ནས་གན་རྒྱ་དང་། གྲོས་མཐུན། འདོད་མཐུན་བཅས་5432ལ་མིང་རྟགས་བཀོད་པ་དེ་དག་གི་དངུལ་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་9200ལྷག་ཙམ་ཟིན་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།