འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ཇོ་མོ་གླང་མའི་བྱང་ངོས་རི་ལྡེབས་སུ་ལས་འཛོལ་ཐོན་ཉུང་བ།

    —— བོད་ལྗོངས་ཇོ་མོ་གླང་མའི་རྒྱལ་སྤྱིའི་རི་འཛེག་དོ་དམ་བྱེད་སྟངས་ཉིན་བཞིན་འཐུས་སྒོ་ཚང་དུ་འགྲོ་བའི་སྐོར་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་11ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཇོ་མོ་གླང་མའི་བྱང་ངོས་རི་ལྡེབས་སུ་ལས་འཛོལ་ཐོན་ཉུང་བ།
          མི་དམངས་དྲ་བའི་འཕྲིན། 2017ལོའི་ཇོ་མོ་གླང་མའི་རི་འཛེག་དུས་ཚིགས་ཡོལ་གྲབས་ཡོད་པ་དང་གསར་འགོད་པར་བོད་ལྗོངས་རི་འཛེག་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། རྒྱལ་སྤྱིའི་རི་འཛེག་པ་ཁག་མཇུག་ཤོས་དེ་ཉེ་ཆར་བོད་ལྗོངས་དིང་རི་རྫོང་གི་ཇོ་མོ་གླང་མའི་སྒར་ས་ཆེ་མོ་ནས་ཕྱིར་འཐེན་བྱས་པ་རེད།
          ཟླ་4པ་ནས་བཟུང་། ཇོ་མོ་གླང་མའི་ལྷོ་ངོས་རི་ལྡེབས་ནས་རི་འཛེག་པ་རྐྱེན་ལམ་དུ་ཤོར་བ་དང“ཤི་ལ་ལིའི་བྲག་སྐས”རྡིབ་པ་སོགས་ཀྱི་གཏམ་ངན་ཡང་ཡང་ཐོས་རྒྱུ་ཡོད། འོན་ཀྱང་ཇོ་མོ་གླང་མའི་བྱང་ངོས་རི་ལྡེབས་སུ་རྐྱེན་ངན་ཐོན་པ་ཧ་ཅང་ཉུང་ཉུང་ཡིན། དོན་དངོས་ཐོག་2015ལོར་ནེ་པ་ལའི“4·25”ཡི་ས་ཡོམ་དྲག་པོའི་ཤུགས་རྐྱེན་ཐེབས་པ་ཕུད་ཀྲུང་གོའི་བོད་ལྗོངས་སུ་གནས་པའི་ཇོ་མོ་གླང་མའི་བྱང་ངོས་རི་ལྡེབས་སུ་རི་འཛེག་པའི་བྱ་སྤྱོད་བརྟན་པོ་དང་ནུས་ཆེར་སོང་ནས་རྒྱལ་སྤྱིའི་རི་འཛེག་པ་ཚོའི་དགའ་བསུ་ཐོབ་ཡོད།
         བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱི་དྲུང་ཆེ་པད་མ་འཕྲིན་ལས་ཀྱིས་ཉེ་ཆར་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ད་ཕན་ལོ་ཤས་རིང་། ཀྲུང་གོས་ཇོ་མོ་གླང་མའི་རྒྱལ་སྤྱིའི་རི་འཛེག་དོ་དམ་ཐད་འབད་བརྩོན་ཤུགས་ཆེན་བྱས་པ་དང་དོ་དམ་དཔེ་དབྱིབས་རིམ་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད་ཅེས་གསུངས།
         ས་མཚམས་སུ་འཛུལ་བ་ནས་ས་མཚམས་ནས་ཕྱིར་ཐོན་པའི་བར་གྱི“མགོ་མཇུག་གཙང་སྒྲིལ”གྱི་ཞབས་ཞུ་བྱེད་པ།
         གསར་འགོད་པ་དང་ཁ་པར་རྒྱག་སྐབས་པད་མ་འཕྲིན་ལས་ཀྱིས་ད་དུང་སྒར་ས་ཆེ་མོ་ནས་ཕྱིར་འཐེན་བྱེད་མཁན་ཁག་མཇུག་ཤོས་ཡིན་པའི་རྒྱལ་སྤྱིའི་རི་འཛེག་རུ་ཁག་གི་ལྷ་སར་སྡོད་རིང་གི་སྡོད་གནས་དང་ལྟོ་ཆས་སྐོར་བཀའ་མོལ་གནང་བཞིན་འདུག ནེ་པ་ལ་དང་མི་འདྲ་བར་བོད་ཀྱི་ས་མཚམས་ནང་གི་རི་འཛེག་བྱེད་སྒོ་དེ་བོད་ལྗོངས་ལུས་རྩལ་གཙོ་གཉེར་སྡེ་ཚན་དང་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་གཅིག་གྱུར་དོ་དམ་བྱས་ཏེ་རི་འཛེག་དཔུང་ཁག་གི་ཐོབ་ཐང་ཞིབ་བཤེར་དང་། ལྟོ་ཆས་དང་སྡོད་གནས་བཀོད་སྒྲིག སྒར་ས་ཆེ་མོའི་དོ་དམ། གཙང་སྦྲ་དང་རི་མཐོའི་རོགས་སྐྱོབ་སོགས་ལས་དོན་རབ་དང་རིམ་པ་སྤེལ་འགན་འཁུར་ཡོད།
         རི་འཛེག་དུས་ཚིགས་འདིར་བོད་ལྗོངས་རི་འཛེག་མཐུན་ཚོགས་ཀྱིས་ཇོ་མོ་གླང་མ་དང་། ཇོ་བོ་དབུ་ཡག་རི་རྩེ། ཤི་ཤ་སྦང་མ་རི་རྩེ་བཅས་དང་དེ་བཞིན་ལྷ་ས་དང་། གཞིས་རྩེ། སྐྱིད་གྲོང་བཅས་སུ་ལས་དོན་ས་ཚིགས་བཙུགས་ནས་ལས་མི་40ལྷག་ཙམ་གྱིས་བརྟན་སྲུང་བྱེད་ཡོད། ཁོང་ཚོ་ཕལ་ཆེ་བ་བོད་ལྗོངས་རི་འཛེག་སློབ་གྲྭ་ནས་ཐོན་ཏེ་དབྱིན་ཡིག་ཤེས་པ་དང་བྱེས་བགྲོད་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད་པ་རེད།
         འདི་ལོ་སྨི་8300ནས་རི་རྩེ་བར་གྱི་ལམ་བཟོ་རྒྱུ་དེ་ཕྱོགས་ཁག་གིས་མཉམ་དུ་གྲོས་བསྡུར་བྱས་པ་ཞིག་ཡིན་པ་དང་། བོད་ལྗོངས་ཡར་ལྷ་ཤམ་པོ་མྱུལ་དཔྱད་ཀུང་སིས་མདུན་སྐྱོད་སྒར་ས་ནས་སྨི་8300བར་གྱི་ལམ་དུམ་བུ་བཟོས་པ་དང་། དེ་རྗེས་ཀྱི་ལམ་བུ་དེ་དག་ཕྱི་རྒྱལ་གྱི་བྱེས་བགྲོད་ཀུང་སིས་སྐྲུན་འགན་ཁུར་བ་དང་དཔུང་ཁག་གཞན་དག་གིས་རང་ངོས་ཀྱི་སྟོབས་ཤུགས་ལྟར་མི་སྣ་དང་། གསོ་རླུང་། ཐག་པ་སོགས་མཁོ་འདོན་བྱས་པ་རེད།
         རི་འཛེག་པར་འགན་ཁུར་བ་དང་གངས་རིར་འགན་ཁུར་བ།
         པད་མ་འཕྲིན་ལས་ཀྱིས“འདི་ལོ་རྒྱལ་ཁབ་(དང་ས་ཁུལ)29ནས་ཡོང་བའི་རྒྱལ་སྤྱིའི་རི་འཛེག་རུ་ཁག་གི་མི་སྣ་300ལྷག་ཙམ་གྱིས་བོད་ཀྱི་ས་མཚམས་ནས་ཇོ་མོ་གླང་མར་འཛེགས་རིང་། རི་མཐོའི་ལམ་སྣེ་འཁྲིད་མཁན་ཚུད་པའི་མི་173གྱིས་རྒྱལ་ཁའི་ངང་རི་རྩེར་འཛེག་པ་དང་དེའི་ཁྲོད་རི་འཛེག་པ་80ལྷག་ཙམ་ཡོད”ཅེས་ངོ་སྤྲོད་གནང་བ་དང་གྲངས་ཀ་དེ་ནི་སྔ་ལོ་དང་གཞི་རྩའི་ཆ་ནས་མཚུངས་ཀྱི་ཡོད།
         ནེ་པ་ལས་འདི་ལོ་ཕྱི་རྒྱལ་བར་ལོ་རྒྱུས་ཐོག་གི་རི་འཛེག་ཆོག་འཐུས་མང་ཤོས་སྤྲད་པ་དང་བོད་ལྗོངས་ཀྱིས་དེའི་ཐད་གཟབ་ནན་གྱི་རྣམ་འགྱུར་འཛིན་ཡོད།
         པད་མ་འཕྲིན་ལས་ཀྱིས“ང་ཚོས་མི་ཚང་མ་བོད་དུ་རི་འཛེག་པར་ཡོང་རྒྱུར་དགའ་བསུ་ཞུ་གི་ཡོད་མོད། འོན་ཀྱང་ཆེད་ལས་ཀྱི་ངོས་ནས་རི་འཛེག་མཁན་ལ་འགན་ཁུར་དགོས”ཞེས་གསུངས་པ་དང་། ཁོང་གིས་ཇོ་མོ་གླང་མར་འཛེག་རྒྱུའི་རེ་ཞུ་བྱེད་མཁན་ཚང་མས་ངེས་པར་དུ་དེ་སྔ་སྨི་8000ཡན་གྱི་རི་རྩེར་འཛེགས་མྱོང་བའི་དཔང་རྟགས་ཡོད་དགོས་པ་དང་གཟུགས་གཞི་བརྟག་དཔྱད་གྱི་སྟོན་རྟགས་ཚང་མ་ཚད་ལོན་དགོས་པ་མ་ཟད། རི་འཛེག་ཚོགས་པའི་མིང་ཐོག་ནས་རེ་འབུལ་ཞུས་ཚེ་གཞི་ནས་རི་འཛེག་ཆོག་འཐུས་ཐོབ་ཀྱི་ཡོད་ཅེས་བཤད།
         དེ་དང་དུས་མཚུངས་བོད་དུ་ཆེད་ལས་ཀྱི་རི་མཐོའི་རོགས་སྐྱོབ་དཔུང་ཁག་ཡོད་པས་རོགས་སྐྱོར་བྱེད་མཁན་གྱིས་སྒར་ས་ཆེ་མོར་དུས་དང་རྣམ་པ་ཀུན་ཏུ་བཀའ་སྒུག་ནས་སྡོད་ཀྱི་ཡོད་པ་རེད།
         འདི་ལོའི་ཟླ་5པར། ཇོ་མོ་གླང་མར་སྲིད་གཞུང་སྡེ་ཚན་གྱིས་སྒྲིག་འཛུགས་བྱས་པའི་གད་སྙིགས་གཙང་སེལ་བྱེད་སྒོ་སྤེལ་བ་དང་། བོད་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་ཚེ་རིང་གིས་བྱེད་སྒོ་སྤེལ་རིང་ཇོ་མོ་གླང་མའི་བྱང་ངོས་རི་ལྡེབས་སུ་འབྱུང་འགྱུར་གད་སྙིགས་རིགས་དབྱེའི་གཙང་སེལ་ས་ཚིགས་མང་པོ་འཛུགས་རྒྱུ་མ་ཟད་མདུན་སྐྱོད་སྒར་སར་གད་སྙིགས་ཉུང་གཏོང་ཐུབ་པའི་སྒྲིག་ཆས་སྒྲིག་སྦྱོར་བྱ་རྒྱུ་རེད་ཅེས་བཤད།
         སྲིད་གཞུང་གིས་མ་དངུལ་བཏང་ནས་ཇོ་མོ་གླང་མའི་རི་འཛེག་བྱ་གཞག་ལ་རྒྱབ་སྐྱོར་བྱེད་པ།
         ད་ཕན་ལོ་ཤས་རིང་སྲིད་གཞུང་གིས་མ་དངུལ་བཏང་ནས་ཇོ་མོ་གླང་མའི་སྒར་ས་ཆེ་མོའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བའི་ཕན་འབྲས་མིག་མཐོང་ལག་ཟིན་ཐུབ་པ་དང་《རྒྱལ་ཁབ་ས་ཁམས་》དྲ་ཚིགས་ཀྱིས་དེ་སྔ་རྩོམ་ཡིག་སྤེལ་ནས་ཇོ་མོ་གླང་མའི་གཞུང་ལམ་སྒྱུར་བཀོད་བྱས་ཚུལ་སྐོར་བཀོད་ཡོད་དེ་1978ལོར་སྐྲུན་འགོ་བཙུགས་པ་དང་དེང་རི་རྫོང་གྲོང་དང་སྒར་ས་ཆེ་མོ་འབྲེལ་མཐུད་བྱེད་པའི་ལམ་བུ་ཀྱག་ཀྱོག་དེ་ད་ཆ་ཁོད་སྙོམས་པའི་སྣུམ་ནག་ལམ་ཞིག་ཏུ་གྱུར་ཡོད། རྩོམ་ཡིག་དེའི་ནང་རི་འཛེག་པས་རླངས་འཁོར་ཐད་ཀར་སྒར་ས་ཆེ་མོར་གཏོང་ཆོག་གི་ཡོད་པ་དེས་ནུས་ཤུགས་དང་དུས་ཚོད་གྲོན་ཆུང་ཐུབ་པ་དང་ནེ་པ་ལའི་ལྷོ་ངོས་རི་ལྡེབས་ཀྱི་སྒར་ས་ཆེ་མོར་སྐྱོད་པར་དུས་ཡུན་ཉིན་10ནས་12བར་རྐང་ཐང་མར་འགྲོ་དགོས་ཀྱི་ཡོད་ཅེས་འཁོད་ཡོད་པ་རེད།
         སྲིད་གཞུང་གི་གཙོ་ཁྲིད་འོག་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁ་ཤས་ཀྱང་ཇོ་མོ་གླང་མའི་རི་འཛེག་གི་དོ་དམ་ལས་དོན་ནང་ཞུགས་པ་དང་2014ལོར་བོད་ལྗོངས་གནས་རི་རི་མཐོའི་རོགས་སྐྱོབ་རུ་ཁག་བཙུགས་པ་ནས་བཟུང་ཧེ་མ་ལ་ཡའི་རི་ཁུལ་རོགས་སྐྱོབ་དཔུང་ཁག་ཁྲོད་དམངས་ཁྲོད་རོགས་སྐྱོབ་མི་སྣ་མང་དུ་སོང་ཡོད།
      
    2017-06-06

    ཕྱོགས་བསྡུས་གསར་འགྱུར།