འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲའན་ཤིས་ཞིང་ཆེན་གྱི་ཞིང་ཆེན་སྒྲོལ་ནས་ས་གནས་གཞན་དུ་སྨན་བཅོས་དྲ་སྦྲེལ་ནང་
    ཞུགས་རྒྱུ་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་05ཉིན། 14:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་6ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཚེས་3ཉིན་གསར་འགོད་པས་ཧྲའན་ཤིས་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་6ཚེས་1ནས་བཟུང་ཤིས་ཨན་གྲོང་ཁྱེར་དང་ཧན་ཁྲེན་གྲོང་ཁྱེར་གྱི་སྨན་བཅོས་འགན་བཅོལ་དྲ་རྒྱའི་མ་ལག་རྒྱལ་ཁབ་ཀྱི་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་ཞིང་ཆེན་སྒྲོལ་བའི་མཇུག་རྩིས་ཆ་འཕྲིན་མ་ལག་དང་དངོས་སུ་སྦྲེལ་མཐུད་བྱུང་བ་དང་། ཧྲའན་ཤིས་ཞིང་ཆེན་གྱི་སྤྱི་འདོམས་ས་ཁུལ་13དང་རྒྱལ་ཡོངས་ཀྱི་ཞིང་ཆེན་31གི་སྨན་བཅོས་འགན་བཅོལ་དྲ་རྒྱའི་མ་ལག་ཕན་ཚུན་འབྲེལ་མཐུད་ཐུབ་ཡོད་པ་རེད། སླད་ཕྱིན་ཆ་རྐྱེན་དང་འཚམ་པའི་ཧྲའན་ཤིས་ཞིང་ཆེན་གྱི་ཕྱིར་བསྐྱོད་མི་སྣ་དང་ཞིང་ཆེན་གཞན་ནས་ཧྲའན་ཤིས་ཀྱི་སྨན་ཁང་དུ་སྡོད་མཁན་གྱིས་ཐད་ཀར་སྨན་རིན་མཇུག་རྩིས་བྱེད་ཆོག་གི་ཡོད་པ་རེད།
         ཧྲའན་ཤིས་ཞིང་ཆེན་ནི་རྒྱལ་ཡོངས་ཀྱི་ཁག་དང་པོའི་སྤྱི་འདོམས་ས་གནས་ཡོངས་རྒྱལ་ཁབ་ཀྱི་ས་གནས་གཞན་དུ་མཇུག་རྩིས་ལས་སྟེགས་ནང་འབྲེལ་མཐུད་བྱས་པའི་ཞིང་ཆེན་14ཡི་གྲས་ཤིག་ཡིན་ཞིང་། མིག་སྔར་ཞིང་ཆེན་གཞན་གྱིས་ཧྲའན་ཤིས་ཞིང་ཆེན་ལ་བཏང་བའི་སྔ་རྟིང་མ་དངུལ་སྒོར་ཁྲི་1569ཟིན་པ་དང་། ཧྲའན་ཤིས་ཞིང་ཆེན་གྱིས་ཞིང་ཆེན་གཞན་ལ་བཏང་བའི་སྔ་རྟིང་མ་དངུལ་སྒོར་ཁྲི་261ཟིན་ཡོད་པ་རེད། རྒྱལ་ཁབ་ཀྱི་ས་གནས་གཞན་དུ་སྨན་བཅོས་མཇུག་རྩིས་རྒྱག་པའི་མ་ལག་བརྒྱུད་ཧྲའན་ཤིས་ཀྱིས་ཉིང་ཞ་དང་ཧྲན་ཤིས་སོགས་ཞིང་ཆེན་དང་ལྗོངས་8ཀྱི་ཞིང་ཆེན་སྒྲོལ་བའི་ནད་པ་མི་ཐེངས་36ལ་ཐད་ཀར་མཇུག་རྩིས་བརྒྱབ་པའི་དངུལ་འབོར་སྒོར་ཁྲི་64.39ཟིན་པ་དང་མཇུག་རྩིས་རྒྱག་ཚད་རྒྱལ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད་པ་རེད།
        མིག་སྔར་ཧྲའན་ཤིས་ཞིང་ཆེན་གྱིས་ཞིང་ཆེན་སྒྲོལ་བའི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི184ཡིས་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་སྣར་སྨན་བཅོས་བྱས་པ་དང་། སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་སྤྱི་ཚོགས་འགན་བཅོལ་དྲ་བའི་ཐོག་ནས་གསར་དུ་བཙུགས་པའི་སྤྱི་འདོམས་ཁུལ་དང་དེ་བཞིན་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིའི་གནས་ཚུལ་ཤེས་ཐུབ་པ་རེད།
        སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་གྱིས་ཚན་པས་གཅིག་གྱུར་སྒྲིག་འཛུགས་བྱེད་པའམ་ཡང་ན་མི་སྒེར་གྱིས་སྔ་ནུར་དུ་གནས་སྡོད་སྤྱི་འདོམས་ཁུལ་དུ་ཐོ་འགོད་བྱེད་དགོས་པ་དང་། སྤྱི་ཚོགས་འགན་བཅོལ་གཱ་འཁྱེར་ཏེ་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞི་ནས་སྨན་ཁང་དུ་སྡོད་པའི་སྨན་རིན་ཐད་ཀར་མཇུག་རྩིས་བྱེད་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།