འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཆུ་གསུམ་རྫོང་ཤག་ལྷོ་གྲོང་ཚོར་བཅའ་སྡོད་ལས་བྱེད་པས"མཚམས་སྦྱོར་བ"
    བྱས་པས་ལས་མིར་སྒོ་རྩ་ནས་ལས་ཀ་རག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 11:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་བསྟུད་མར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ཤག་ལྷོ་གྲོང་ཚོའི་ཨར་པོ་རྒྱག་ས་ཚང་མར་ཐོ་ཕྲུག་ཕར་འགྲོ་ཚུར་འོང་ངང་གཏོང་བ་དང་། ཞིང་པ་ལས་མི་རྣམས་ཀྱིས་རྡོ་དབོར་བ་དང་རྩིག་པ་རྒྱག་པ་སོགས་བྲེལ་བརྩོན་གྱི་རྣམ་པ་ཞིག་གང་སར་མཐོང་རྒྱུ་འདུག
         ད་ལོར་ལོ་26ལ་སླེབས་པའི་ཞིང་པ་ལས་མི་སྐལ་བཟང་ཟླ་བས“སྔོན་ཆད་ཕྱིར་ལས་མིར་ཕྱིན་ནས་ནང་མི་དང་མཉམ་དུ་སྡོད་ཡུན་ཧ་ཅང་ཉུང་བ་དང་། རག་པའི་ཡོང་འབབ་ཕྲན་བུ་ལམ་དུ་རྫོགས་པ་མ་ཟད། ངལ་དུབ་ཆེ་བའི་ཁར་ལམ་དངུལ་ཡང་མང་པོ་འགྲོ་ཡི་འདུག ད་ཆ་རང་ཁྱིམ་གྱི་སྒོ་རྩར་ལས་མིར་འགྲོ་ས་མང་བས་རང་འདོད་ལྟར་འདེམས་ཆོག་ལ་གླ་ཆ་ཡང་མང་པོ་རག་གི་འདུག ད་དུང་ཁྱིམ་གྱི་རྒན་རྒོན་ལ་ལྟ་སྐྱོང་ཡང་བྱེད་ཐུབ་པས་ད་ཆའི་འཚོ་བ་ཧ་ཅང་ཡག་པོ་འདུག”ཅེས་བཤད།
         “ད་ལྟ་མང་ཚོགས་ཀྱིས་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་པ་དང་ཁྱིམ་མིར་ལྟ་རྟོག་གཉིས་ཀ་ཐུབ་པས་ཡུལ་གཞན་དུ་ལས་མིར་འགྲོ་དགོས་དོན་མེད། ང་ཚོས་གྲོང་ཚོའི“ཨུ་ལྷན་གཉིས”དང“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་ཚན་པའི་སྤྱི་མིར་བརྟེན་ནས་མང་ཚོགས་ལ་དྲིལ་བསྒྲགས་དང་འོས་སྦྱོར་བྱས་ཏེ་འདི་གར་ལས་མི་བྱས་ནས་ཡོང་འབབ་འཕར་བར་བྱེད་བཞིན་ཡོད” ཟླ་3པ་ནས་བཟུང་ཨར་པོ་རྒྱག་ཡུལ་དུ་ལས་འགོ་ཚུགས་པ་དང་ཤག་ལྷོ་གྲོང་ཚོར་བཅའ་སྡོད་ཆུ་གསུམ་རྫོང་དྲིལ་བསྒྲགས་རིག་གནས་ཁོངས་གཏོགས་ཀྱི་ལས་དོན་རུ་ཁག་ཁག་དྲུག་པས་མང་ཚོགས་ཀྱི“མཚམས་སྦྱོར་བ”ཡག་པོ་བྱས་ཏེ་གྲོང་ཚོ་ཨུ་ལྷན་གྱི་ཁང་པ་རྒྱག་ས་དང་། ཆུ་ཡུར་བཟོ་ས། སྒུལ་བདེའི་ལྕགས་སྒྲོམ་འཛུགས་ས་སོགས་སུ་མང་ཚོགས་སྒྲིག་འཛུགས་བྱས་ཏེ་ལས་མི་བྱེད་དུ་བཅུག་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་ཡོད་ཅེས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཚེ་རིང་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་སྐལ་སྒྲོན་གྱིས་སེམས་ཀྱི་དགའ་སྣང་གནོན་མི་ཐུབ་པར་འགྲོ་ཞོར་དེ་ལྟར་ཁ་བརྡ་གློད་བྱུང་།
         “རུ་དཔོན་ལགས། སང་ཉིན་ང་ཚོར་རྡོ་བཟོ་བ་8དང་། ལས་མི་15 རྡོ་དབོར་བྱེད་ཀྱི་ཐོ་ཕྲུག་5བཅས་དགོས” “འོ་ལགས་སོ། ངས་ལམ་སེང་ཀྲི་པུའི་ཧྲུའུ་ཅིར་འབྲེལ་བ་བྱས་ཆོག”ཅེས་པ་ནི་གྲོང་ཚོ་ཨུ་ལྷན་གྱི་ཁང་པ་སྐྲུན་པའི་ཁོངས་གཏོགས་ལས་གྲྭའི་ཨར་སྐྲུན་ཚན་པའི་འགན་འཁུར་བ་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་བར་གྱི་གླེང་མོལ་བྱས་པ་ཞིག་རེད། ཉིན་ལྟར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་ཨར་སྐྲུན་ཚན་པའི་སྐད་འཕྲིན་འབྱོར་གྱི་ཡོད་པ་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོའི་ཀྲི་པུའི་ཧྲུའུ་ཅི་ལ་འབྲེལ་བ་བྱེད་པ་དང་དེས་གྲོང་ཚོ་ཨུ་ལྷན་གྱི་གཏན་འབེབས་ལྟར་ལས་མི་བཀོད་སྒྲིག་བྱེད་ཀྱི་ཡོད། ངལ་ནུས་དག“ཕྱིར་གཏོང”ནས“ནང་འདྲེན”དུ་གྱུར་པས་མང་ཚོགས་ངལ་རྩོལ་པ་མང་པོའི་ལས་ཞུགས་དཀའ་ངལ་བསལ་བ་རེད།
         ད་ལོར་ཤག་ལྷོ་གྲོང་ཚོས“ཏང་སྤྱི་ཁྱབ་ཀྲི་པུའུ+”གྱི་བྱེད་སྟངས་ལ་བརྟེན་ནས་ཨར་སྐྲུན་ཚན་པ་ཁག་དང་ལས་མི་སྤྱོད་པའི་གན་རྒྱ་བཞག་སྟེ་ལས་མི་སྤྱོད་ཁོངས་དང་གླ་ཆ་སོགས་གཏན་འཁེལ་བྱས་པས་ལས་མི་བྱེད་མཁན་མང་ཚོགས་ཀྱི་ཁེ་ཕན་སྲུང་སྐྱོང་ཏན་ཏིག་ཐུབ་ཡོད། དེ་དང་ཆབས་ཅིག་ཨར་སྐྲུན་ཚན་པ་ཁག་གིས་ཞིང་འབྲོག་པ་ཏང་ཡོན་དང“གཉིས་ལྡན་དུད་སྦྲེལ”གྱི་དུད་སྦྲེལ་ཚན་པའི་སྤྱི་མིས་རུ་དཔོན་གྱི་འགན་འཁུར་བའི་ལས་མི་རུ་ཁག་སོ་སོར་བཙུགས་པ་དང་། ལས་མི་མང་ཚོགས་ལ་ཁྱོན་ཡོངས་ནས་སྣེ་ཁྲིད་དང་། སྤྱི་འདོམས། ཞབས་ཞུ་བཅས་བྱས་པས་ཡུལ་དེ་གའི་མང་ཚོགས་ཀྱི“ཞིང་པ་ལས་མིའི”གཟུགས་བརྙན་ལེགས་སུ་ཕྱིན་པ་དང་ཨར་སྐྲུན་ཚན་པ་ཁག་གི་གདེང་འཇོག་བཟང་པོ་ཡང་ཐོབ་ཡོད། མིག་སྔའི་བར་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ཡུལ་དེ་གའི་མང་ཚོགས་ལ་རོགས་རམ་བྱས་ནས་ལས་མི་60ལྷག་ཙམ་བཀོད་སྒྲིག་བྱས་པ་དང་། རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་37.94ཟིན་ཞིང་། སྒོ་རྩར་ལས་མི་བྱེད་པ་དེ་ཤག་ལྷོ་གྲོང་ཚོའི་ཞིང་པ་འབབ་འཕར་ཡོང་བའི་བཀྲག་མདངས་འཚེར་ས་གཞན་ཞིག་ཏུ་གྱུར་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།