འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་ས་ཁུལ་གྱི་ཡུལ་སྐོར་གྲོང་ཚོ་ཞིག་གི"སྡེར་གཙང་བྱ་སྤྱོད"

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 11:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྔ་པའི་ཚེས་ལྔའི་དུས་ཆེན་རིང་མིང་ལ་སྐྱང་སྨད་ཟེར་བའི་ཁྲོན་ནུབ་ས་མཐོའི་བོད་རིགས་གྲོང་ཚོ་ཞིག་གིས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བ་མང་པོར་བསུ་བ་ཞུས་ཤིང་། གྲོང་ཚོ་དེས་ཡུལ་སྐོར་བ་ཚོར་བཞག་པའི་བག་ཆགས་ཟབ་ཤོས་ཤིག་ནི་བོད་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཉམས་འགྱུར་དང་། ད་དུང་གང་ས་གང་དུ་ཁྱབ་པའི་གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་བཟང་དེ་རེད། ཕྱུག་པོར་འགྱུར་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་པའི་བོད་རིགས་གྲོང་ཚོ་དེའི་གྲོང་མི་ཚོའི“སྡེར་གཙང་བྱ་སྤྱོད”ཀྱིས་དེ་གར་ཡོང་མཁན་ཡུལ་སྐོར་བ་ཚོར་ཡང་ཤུགས་རྐྱེན་བཟང་པོ་ཐེབས་ཀྱི་ཡོད་པ་རེད།
         སྐྱང་སྨད་གྲོང་ཚོ་ནི་སི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཟུང་ཆུ་རྫོང་གཙོ་ཚང་དགོན་གྲོང་རྡལ་གྱི་རི་སུལ་ཞིག་ཏུ་གནས་ཤིང་། གྲོང་ཚོ་དེར་དུད་ཚང་55དང་གྲོང་མི་309ཡོད་པ་རེད། གྲོང་ཚོ་དེ་ནི་ལོ་ཤས་གོང་ད་དུང་གྲོང་ཚོ་དབུལ་པོ་ཞིག་རེད། སྐྱང་སྨད་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་དགེ་སྐྱབས་ཀྱིས་ང་ཚོའི་གྲོང་ཚོའི་ས་རྒྱུ་ཞན་རྐྱེན་གྲོང་མི་ཚོ་ལོ་མང་པོའི་གོང་གང་སར་འབྲུ་རིགས་གཡར་ནས་འཚོ་ཐབས་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
        དུས་རབས་གོང་མའི་དུས་མཇུག་ཏུ། དམར་དམག་རྒྱང་སྐྱོད་དྲན་གསོའི་རྡོ་རིང་གླིང་བསྐྲུན་པ་དང་དེ་བཞིན་རྔ་པ་ཀྲོའུ་ཡི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། འགྲིམ་འགྲུལ་སྐོར་ལམ་རྒྱུད་དུ་གནས་པའི་སྐྱང་སྨད་གྲོང་ཚོ་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་རིམ་བཞིན་དབུལ་སྒྲོལ་ཐུབ་པ་དང་། ད་ཆ་འབྱོར་འབྲིང་གྲོང་ཚོར་གྱུར་ཡོད། གྲོང་མི་མང་པོས“བོད་ཁྱིམ་སྤྲོ་ཁང”གཉེར་བས། འཚོ་བ་ཉིན་རེ་བཞིན་ལེགས་སུ་འགྲོ་བཞིན་ཡོད། “ཕྱུག་པོར་འགྱུར་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་འགོ་ཚུགས་ཀྱང་གྲོང་མི་ཚོར་རྒྱས་སྤྲོས་ཆུད་ཟོས་ཀྱི་གོམས་གཤིས་ངན་པ་འཇགས་མེད”ཅེས་དགེ་སྐྱབས་ཀྱིས་བཤད།
         གྲོང་མི་བློན་པོ་ཐར་གྱིས་བཟའ་བཏུང་དང་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་བཏང་བ་བརྒྱུད་ད་ཆ་མ་རྩ་སྒོར་ཁྲི་བརྒྱ་ལས་བརྒལ་ཡོད་པ་རེད། ལོ་ཤས་གོང་དུ། ཁོང་གིས་གཙོ་ཚང་དགོན་གྲོང་རྡལ་དུ་བུ་གཡུང་དྲུང་ཚེ་དབང་གི་གཉེན་སྟོན་གཤོམ་སྐབས་ཟ་ལྷག་འཐུང་ལྷག་ཚང་མ་ཁྱིམ་དུ་ཁྱེར་བ་རེད།
         ཟུང་ཆུ་རྫོང་སྒྲིག་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དབྱང་ཁྲང་པིན་གྱིས། གྲོང་ཚོ་འདིའི་གཞོན་ནུ་ཚོར་གྲོན་ཆུང་བསྲི་ཚགས་བྱེད་པའི་སྲོལ་བཟང་པོ་ཡོད། དེ་ནི་ཕ་མེས་ཀྱི་གྲོན་ཆུང་བསྲི་ཚགས་ཀྱི་སྲོལ་བཟང་དང་ལེན་བྱས་པ་དང་གྲོང་ཚོ་དེའི་སྤྱིའི་རྣམ་པ་དང་འབྲེལ་བ་ཟབ་མོ་ཡོད་ཅེས་བཤད་པ་རེད། གསར་འགོད་པར་ཤེས་རྟོགས་བྱུང་གསལ། གྲོང་ཚོ་ནང་དུ“བོད་ཁྱིམ་སྤྲོ་ཁང”བཅུ་ཕྲག་ཁ་ཤས་གཉེར་སྐྱོང་བྱས་ནས་གྲོང་མི་ཚོའི་དཔལ་འབྱོར་ཆ་རྐྱེན་ཧ་ཅང་ལེགས་སུ་ཕྱིན་རྗེས། སྐྱང་སྨད་གྲོང་ཚོས་གྲོང་མི་ཡོངས་ཀྱི་ཚོགས་ཆེན་འཚོགས་ནས་གྲོན་ཆུང་བསྲི་ཚགས་ཚུད་པའི་གྲོང་སྲོལ་དམངས་ཆིངས་མང་པོ་བཟོས་ཡོད་པ་རེད།
         ལོ་རེའི་བོད་ཀྱི་ལོ་གསར་སྐབས། སྐྱང་སྨད་གྲོང་ཚོའི་གྲོང་མི་ཚོས་ཇ་ཆང་ལ་རོལ་ཏེ། འབྲེལ་འདྲིས་སྤེལ་རེས་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་ཆབས་ཅིག་འགལ་བ་དང་རྩོད་གཞི་འདུམ་སྒྲིག་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་འདི་ལོར་ཁྱིམ་སྐོར་རྒྱག་སྐབས་བདེ་དགའ་འཚོར་སྐྱོན་བརྗོད་ཕོག་པ་རེད། རྒྱུ་མཚན་ནི་ཁོ་མོས་སྐྱང་སྨད་གྲོང་ཚོའི་ཁྱིམ་སྐོར་རྒྱག་སྐབས་ཚལ་སྣ་དྲུག་ལས་བཟོ་མི་ཆོག་པའི་གཏན་འབེབས་དེ་དང་འགལ་བས་རེད།
         དགེ་སྐྱབས་ཀྱིས། གྲོང་གསེབ་ཡུལ་སྐོར་ཚད་ལྡན་དུ་གཏོང་ཆེད། གྲོང་ཚོས་མི་སྣ་ཆེད་དུ་སྒྲིག་འཛུགས་བྱས་ནས“བོད་ཁྱིམ་སྤྲོ་ཁང”ཚང་མར་རྒྱས་སྤྲོས་ཆུད་ཟོས་དང་ཡུལ་སྐོར་བར་མགོ་སྐོར་བཏང་ནས་དངུལ་ཐོལ་པ་ལེན་པའི་བྱེད་སྤྱོད་ཡོད་མེད་ལ་ཞིབ་དཔྱད་གཏན་འཁེལ་བྱེད་ཀྱི་ཡོད་པ་དང་། ཞིབ་དཔྱད་གཏན་འཁེལ་བྱས་འབྲས“བོད་ཁྱིམ་སྤྲོ་ཁང”གི་རྒྱལ་སྒོར་འགེལ་གི་ཡོད། འདི་ཡང་སྐྱང་སྨད་ཀྱི་གྲོང་སྲོལ་དམངས་ཆིངས་ཤིག་ཡིན་ཞེས་བཤད་པ་རེད།
         “གྲོང་མི་ཚོའི‘སྡེར་གཙང་བྱ་སྤྱོད’གྱིས་ཡུལ་སྐོར་བ་ཚོ་ལ་ཡང་ངམ་ངམ་ཤུགས་ཀྱིས་ཤུགས་རྐྱེན་ཐེབས་བཞིན་འདུག”ཅེས་དགེ་སྐྱབས་ཀྱིས་བཤད།
         ལྔ་པའི་ཚེས་ལྔའི་གུང་གསེང་གི་ཉིན་དང་པོར་ཁྲུང་ཆིང་གི་སྐུ་ཞབས་ཀྲང་ལགས་དང་ཁོང་གི་གྲོགས་པོ་གསུམ་གྱིས་སྐྱང་སྨད་གྲོང་ཚོར་ཟས་ཐུན་གཅིག་ལ་ཚལ་སྣ་དགུ་བཟོ་རོགས་ཞེས་བཤད་པར། བོད་ཁྱིམ་སྤྲོ་ཁང་དེའི་སྦྱིན་བདག་གིས་བོད་ཟས་ཀྱི་འབོར་ཆེན་པོ་ཡོད་པས། གལ་སྲིད་ཟས་མ་ཚར་ན་འཕྲོ་བརླག་རེད་ཅེས་བཤད། མཐར་སྐུ་ཞབས་ཀྲང་ལགས་སོགས་ཀྱིས་ཁྱད་ཆོས་ལྡན་པའི་ཚལ་སྣ་ལྔ་ལས་ལབ་མེད། “འདི་གའི་བོད་རིགས་སྤུན་ཟླ་ཚོ་ཧ་ཅང་དྲང་པོ་འདུག ཁོང་ཚོས་གྲོན་ཆུང་བསྲི་ཚགས་བྱེད་པ་ལས་ང་ཚོར་ཡང་སློབ་གསོ་ཐེབས་བྱུང”ཞེས་སྐུ་ཞབས་ཀྲང་ལགས་ཀྱིས་བཤད།
         རྔ་པ་ཀྲོའུ་སྒྲིག་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་ཐང་པིན་གྱིས། སྐྱང་སྨད་གྲོང་ཚོའི“སྡེར་གཙང་བྱ་སྤྱོད”དེ་རང་འགུལ་བྱ་སྤྱོད་ཅིག་ཏུ་གྱུར་ནས། གྲོང་མི་མང་པོ་ཞིག་གི“ཁྱིམ་སྲོལ”ནང་དུ་ཡང་གྲོན་ཆུང་བསྲི་ཚགས་ཀྱི་སྐོར་ཡོད་པ་དང་། དེའི་རྨང་གཞིའི་ཐོག་ནས་སྐྱང་སྨད་གྲོང་ཚོའི་རྒྱས་སྤྲོས་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་གྲོང་སྲོལ་དམངས་ཆིངས་དེ་ཆགས་པ་རེད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།