འཚོལ་བཤེར།   
藏文频道
2017ལོའི་ཟླ་6ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ཐ་མག་ཚོད་འཛིན་བྱེད་པའི་ཁྲིམས་འཛུགས་ལ་སྐུལ་འདེད་ཧུར་ཐག་བཏང་བ། 

    གྲོང་ཁྱེར་ནང་ཐ་མག་གཅོད་མཁན་མང་དུ་འགྲོ་བཞིན་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 06ཚེས་02ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་31ཉིན། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་ཧྲང་ཧའེ་རུ་གཙོ་གཉེར་བྱས་པའི་2017ལོའི་འཛམ་གླིང་དུ་མེད་ཉིན་མོའི་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་བྱེད་སྒོ་སྤེལ་ཡུལ་ནས་ཤེས་རྟོགས་བྱས་པར། རང་རྒྱལ་གྱིས་ཁྲིམས་འཛུགས་ལ་བརྟེན་ནས་དུ་མེད་ཁོར་ཡུག་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བར་བརྟེན་གྲོང་ཁྱེར་དུ་ཐ་མག་གཅོད་མཁན་མང་དུ་འགྲོ་བཞིན་ཡོད་པ་རེད།
          རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་དྲིལ་བསྒྲགས་སིའི་སི་ཀྲང་གཞོན་པ་སུང་ཧྲུའུ་ལིས་རྒྱལ་ཁབ་འཕྲོད་བསྟེན་དང་འཆར་བཙའ་ཨུ་ལྷན་གྱིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཁྲིམས་ལུགས་གཞུང་ལས་ཁང་ལ་གཞོགས་འདེགས་བྱས་ཏེ་《སྤྱི་པའི་འདུ་གནས་སུ་ཐ་མག་ཚོད་འཛིན་བྱེད་པའི་སྲོལ་ཡིག་(ཞིབ་སྐྱེལ་མ་ཟིན)》ལ་བཟོ་བཅོས་དང་ཚོད་སྐོར་བྱ་རྒྱུ་སྒྲིག་འཛུགས་བྱས་ཏེ་སྲོལ་ཡིག་མགྱོགས་མྱུར་འདོན་རྒྱུར་སྐུལ་འདེད་བཏང་ཡོད། ས་གནས་ཀྱིས་ཐ་མག་ཚོད་འཛིན་བྱེད་པའི་ཁྲིམས་འཛུགས་དང་ཁྲིམས་ལག་བསྟར་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ་དང་འབྲེལ། 2016ལོའི་ལོ་མཇུག་བར་རང་རྒྱལ་གྱི་གྲོང་ཁྱེར་18ཀྱིས་དུ་མེད་ཁོར་ཡུག་ཐད་ཀྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་བཟོས་པ་དེ་དག་རང་རྒྱལ་གྱི་སྤྱིའི་མི་འབོར་གྱི་བཅུ་ཆ་གཅིག་ལ་ཁྱབ་ཡོད་པ་མ་ཟད། རྒྱལ་ཁབ་རིམ་པའི་ཁྲིམས་འཛུགས་ནུས་ལྡན་ལག་བསྟར་བྱ་རྒྱུར་ཡང་ཉམས་མྱོང་མཁོ་འདོན་ཐུབ་པ་བྱུང་ཡོད། ལྷག་པར་དུ་པེ་ཅིང་དང་། ཧྲང་ཧའེ། ཧྲེན་ཀྲེན་བཅས་གྲོང་ཁྱེར་དུ་སྤྱི་པའི་འདུ་གནས་ཡིན་པའི་ཁང་པའི་ནང་ཐ་མག་འཐེན་མི་ཆོག་པའི་བྱེད་ཐབས་ཕྱོགས་ཡོངས་ནས་ལག་བསྟར་བྱས་པ་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། རང་རྒྱལ་གྱིས་སྤྱི་པའི་འདུ་གནས་སུ་ཐ་མག་འཐེན་མི་ཆོག་པ་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་དང“བདེ་ཐང་ཀྲུང་གོ་2030ལོའི”འཆར་འགོད་ཀྱི་རྩ་གནད་ནང་འཇུག་རྒྱུ་དང་འབྲེལ། ཐ་མག་ཚོད་འཛིན་བྱ་རྒྱུའི་འབྲེལ་ཡོད་དམིགས་ཚད་གཅོང་ནད་འགོག་བཅོས་ཀྱི་འཆར་གཞི་དང་བདེ་ཐང་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་ཀའི་ལོ་ལྔ་ཚན་བཅུ་གསུམ་པའི་འཆར་འགོད་ནང་བཞག་ནས་ཐ་མག་ཚོད་འཛིན་གྱི་ལས་དོན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་རྒྱུར་སྲ་ཞིང་བརྟན་པའི་སྲིད་ཇུས་ཀྱི་འགན་ལེན་མཁོ་འདོན་བྱ་རྒྱུ་རེད། རང་རྒྱལ་འདི་ཉིད་ད་དུང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་གོ་ལ་ཧྲིལ་པོའི་རྡོ་ཐའི་ལྟ་ཞིབ་ཚད་ལེན་མ་ལག་ནང་ཞུགས་ནས་རྡོ་ཐར་ལྟ་ཞིབ་ཚད་ལེན་བྱས་ཏེ་ཐ་མག་གཅོད་པའི་ཞབས་ཞུར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་པ་རེད།
          རྒྱལ་སྤྱིའི་རྡོ་ཐ་ཚོད་འཛིན་སྲིད་ཇུས་ཚོད་སྐོར་རྣམ་གྲངས་ཀྱི་ཀྲུང་གོའི་རེས་སྐོར་དང་པོ་དང་ལྔ་པའི་(2006ལོ་ནས་2015ལོ་བར)གྱི་བརྟག་དཔྱད་སྙན་ཞུའི་ནང་རང་རྒྱལ་གྱི་གྲོང་ཁྱེར་ནང་ཐ་མག་གཅོད་མཁན་6%ནས་(2006ལོ་ནས་2007ལོ་དང་2008ལོ་བར)9.2%བར་(2011ལོ་དང་2012ལོ་ནས་2013ལོ་དང་2015ལོ་བར)མང་དུ་ཕྱིན་ཡོད། ཐ་མག་གཅོད་པའི་ལས་དོན་ལ་གྲུབ་འབྲས་ངེས་ཅན་ཞིག་ཐོབ་ཡོད་མོད། འོན་ཀྱང་རྒྱལ་ཁབ་གཞན་དང་བསྡུར་ན་རང་རྒྱལ་དུ་ཐ་མག་འཐེན་མཁན་གྱིས་ཐ་མག་གཅོད་འདོད་ཡོད་པ་ཉུང་ཉུང་ཡིན་ལ་ཐ་མག་གི་རིན་གོང་མཐོ་བའི་དབང་གིས་ཐ་མག་གཅོད་འདོད་པ་ཡང་དེ་བས་ཉུང་ཉུང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།