འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་གངས་དཀར་རི་བོ་དབྱར་དུས་ཀྱི་གངས་ཤུད་དང་རི་འཛེག་གི་གནས་མཆོག་ལ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་26ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མཚོ་སྔོན་ཞིང་ཆེན་འཇུ་ལག་རྫོང་གི་གངས་དཀར་རི་བོ་ནི་མདོ་ལ་རིང་མོའི་ཤར་རྒྱུད་ཀྱི་རི་བོ་མཐོ་ཤོས་དེ་ཡིན་ཞིང་། མཐོ་ཚད་སྨི་5254.5ཡོད། རི་བོ་དེ་གངས་རི་གཞན་དག་དང་བསྡུར་ན་དེ་ཙམ་མཐོ་པོ་མེད་ནའང་རིགས་གཅིག་མཁས་ཅན་གྱིས་དེ་ནི“རྐང་ཐང་དང་། རི་འཛེག ཕྱིར་ཞག་སྡོད་དང་གངས་ཤུད། གངས་ཤུད་དང་རི་འཛེག་སོགས་ཀྱི་ལུས་རྩལ་རྩེ་རྒྱུ་སྐྱེ་བོ་ཀུན་ལ་ཤིན་ཏུ་འཚམ་པ་དང་ཡུལ་སྐོར་ལ་དགའ་པོ་བྱེད་མཁན་ཚོའི་རི་འཛེག་དང་མྱུལ་དཔྱད་ཀྱི་ཁུལ་ཡག་ཤོས་ཤིག་རེད”ཅེས་གདེང་འཇོག་བྱེད་ཀྱི་ཡོད་པ་རེད།
         གངས་དཀར་རི་བོ་ནི་གོ་ལ་ཡོངས་སུ་ལྟེ་བའི་གྲོང་ཁྱེར་དང་ཐག་ཉེ་ཤོས་ཀྱི་གངས་རི་ཞིག་ཡིན། ཟི་ལིང་ནས་ཐོན་ཏེ་རླངས་འཁོར་ལ་ཆུ་ཚོད་གཉིས་ཙམ་བསྡད་ན་རི་འདབས་ཀྱི“ཚོན་མདོག་རྣམ་པར་བཀྲ་བའི་འཁྱག་པའི་རྦབ་ཆུ”ཡོད་སར་འབྱོར་གྱི་ཡོད་པ་དང་འཇུ་ལག་གི་མྱུར་བགྲོད་མེ་འཁོར་བབས་ཚུགས་ནས་ཐོན་ན་ཆུ་ཚོད་ཕྱེད་ཀ་ལས་འགོར་གྱི་མེད།
         2011ལོ་ནས་ད་བར་གངས་དཀར་རི་བོར་རྒྱལ་ཡོངས་དང་། ཨེ་ཤེ་ཡ། རྒྱལ་སྤྱི་བཅས་ཀྱི་གངས་ཤུད་དང་རི་འཛེག་གི་སྤེལ་རེས་འདུ་ཚོགས་ཆེ་མོ་སྐབས་6གཉེར་བ་དང་ན་ནིང་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་གངས་དཀར་རི་བོར“རྒྱལ་ཁབ་ཀྱི་གངས་ཤུད་དང་རི་འཛེག་རྟེན་གཞིའི”མིང་བཏགས་ཡོད། འདི་ལོ་དུས་ཡུན་གཟའ་འཁོར་གཅིག་རིང་གངས་དཀར་རི་བོའི་རྒྱལ་སྤྱིའི་གངས་ཤུད་དང་རི་འཛེག་འགྲན་སློང་འགྲན་བསྡུར་བྱས་ཡོད་པ་དང་། དེ་ནི་གངས་ཤུད་དང་རི་འཛེག་རྒྱལ་སྤྱིའི་འགྲན་བསྡུར་མཚོ་བོད་ས་མཐོར་གཉེར་ཐེངས་དང་པོ་ཡིན་ལ། འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་གངས་ཤུད་དང་རི་འཛེག་འགྲན་བསྡུར་ཡང་ཡིན། ལོ་རེའི་ཟླ་5པ་ནས་ཟླ་7པ་བར་ནི་གངས་དཀར་རི་བོར་གངས་ཤུད་དང་རི་འཛེག་བྱེད་པའི་ནམ་དུས་ཡག་ཤོས་ཡིན་ཞིང་། གངས་འབོལ་བ་དང་ས་ཁད་ཡངས་པས་ཆུ་ཚད་མི་འདྲ་བའི་མི་ཚོགས་རྣམས་གངས་ཤུད་རི་འཛེག་བྱ་རྒྱུར་འཚམ། རྒྱལ་སྤྱིའི་གངས་ཤུད་དང་རི་འཛེག་མནའ་འབྲེལ་གྱི་ལག་རྩལ་དཔོན་ཡོན་ཀྲ་ཉི·ཨན་ཏེ་ལི་ཡས“ལས་དང་པོ་བ་དང་ཆུ་ཚད་མཐོ་བའི་བདམས་ཐོན་པ་སུ་ཡིན་རུང་གནས་འདི་ནས་དེ་མཚུངས་ཀྱི་ཉམས་མྱོང་གསོག་ཐུབ”ཅེས་བཤད།
         ད་ཆ་ཡུལ་དེས་གངས་དཀར་རི་བོའི་རི་འཛེག་དང་གངས་ཤུད་རྟེན་གཞི་དེ་གངས་ཤུད་རི་འཛེག་དང་། རི་མཐོའི་མྱུལ་དཔྱད། གངས་རིའི་རོགས་སྐྱོབ། ཕྱོགས་ཐོན་རྒྱ་སྐྱེད། འཁྱག་འཛེག་སོགས་རྣམ་གྲངས་མང་པོ་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་རྟེན་གཞི་ཞིག་ཏུ་བསྐྲུན་རྩིས་ཡོད་པ་རེད། “འདི་གར་ས་བབ་མཐོ་པོ་མེད་པས། ལྟོས་བཅས་ཀྱིས་འཛེག་སླ་བ་ཡོད། རི་རྩེ་མཐོ་ཤོས་ཕུད་དེ་ལས་དམའ་བའི་རི་བོ་9ལ་འཛེག་ཆོག་ཅིང་། རི་འཛེག་ལ་དགའ་པོ་ཡོད་མཁན་ཚོས་རི་རྩེར་འཛེག་མང་ཤོས་ནི་དེའི་ཁྲོད་ནས་མཐོ་ཚད་སྨི་4950ཟིན་པའི་རི་བོ་དེ་ཡིན”ཞེས་ཆེད་ལས་མི་སྣས་ངོ་སྤྲོད་བྱས་པ་དང་། ཁོང་གིས“གངས་རིར་འཛེག་སྐབས་གངས་འཁྱག་ཐོག་གི་འཛེག་རྩལ་མཁས་པོ་དགོས་ཤིང་། ལམ་བར་དུ་འཁྱག་སྲུབས་མང་བས་གང་བྱུང་དུ་འཛེག་རྒྱུ་མེད་པར་རྩལ་འཁྲིད་པ་སོགས་ཆེད་ལས་མི་སྣའི་མཛུབ་ཁྲིད་བྱུང་ན་ཡག་ཤོས་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།