འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཁམ་བུའི་མེ་ཏོག་རབ་ཏུ་མཚར། ཀླུ་ནང་མཛེས་ལྗོངས་ལྷུན་གྱིས་གྲུབ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 11:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཁམ་བུའི་མེ་ཏོག་ལས་ཉིང་ཁྲིའི་སྐད་གྲགས་ཆེ་རུ་འགྲོ་འགོ་ཚུགས་ཡོད། བོད་ཀྱི་ཉིང་ཁྲིར་དཔྱིད་དཔལ་བཞད་སྔ་ཤོས་ཡིན་པ་དང་དཔྱིད་ཀ་འཆར་མ་ཐག་ཁམ་བུའི་མེ་ཏོག་གི་ཐེའུ་གཏོང་འགོ་ཚུགས་ཀྱི་ཡོད།
         ཉིང་ཁྲིའི་ཁམ་བུའི་མེ་ཏོག་གི་མཛེས་ཉམས།
         ཟླ་3པའི་ཉིང་ཁྲིར་གྲང་ངད་རྦད་དེ་ཡལ་མེད་ནའང་གང་སར་མེ་ཏོག་ཁྲ་ཆིལ་ལེར་བཞད་བཞིན་ཡོད། དབུ་རྩེ་ཁ་བས་བཀླུབས་པའི་རི་རྒྱལ་ལྷུན་པོ་དང་། སྔོ་ཞིང་གཡའ་དག་པའི་ནམ་མཁའ། ལྷུང་ལྷུང་དུ་འབབ་པའི་ཆུ་ཕྲན། རི་མོ་ལྟར་མཛེས་པའི་ཞིང་ཁ་དང་ན་ཁ། འདི་ལྟ་བུའི་མཛེས་ལྗོངས་ནི་ཉིང་ཁྲིའི་ཁམ་བུའི་མེ་ཏོག་སྐྱེ་འཚར་ཡོང་བའི་ས་རྒྱུ་གཤིན་པོ་འབའ་ཞིག་རེད། བརྗིད་ཉམས་ལྡན་པའི་གངས་རིས་བསྐོར་བའི་དབུས་སུ་ཁམ་བུའི་མེ་ཏོག་དག་ནི་ཇི་འདྲའི་ཡིད་འོང་ཉམས་དགའ་བ་ཞིག་རེད་ཨང་། ས་ཁམས་གནས་ཡུལ་དང་ས་བབ་མཐོ་ཚད་མི་འདྲ་བའི་དབང་གིས་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིམ་པ་བཞིན་བཞད་ཀྱི་ཡོད་དེ། རྫ་ཡུལ་དང་སྤོ་བོ་ནས་འགོ་ཚུགས་ཏེ་རྒྱལ་ལམ་318བརྒྱུད་ནུབ་ཕྱོགས་སུ་རིམ་པ་བཞིན་བྲག་ཡིབ་དང་། སྨན་གླིང་། སྣང་རྫོང་དང་དེ་བཞིན་ཀོང་པོ་རྒྱ་མདའ་བར་བཞད་ཀྱི་ཡོད། ཟླ་3པར། སྤོ་བོའི་ཁམ་བུའི་མེ་ཏོག་ལུང་གཞུང་གི་ཁམ་བུའི་སྡོང་པོ་1253དག་གི་མེ་ཏོག་བཞད་སྔ་ཤོས་ཡིན་དེ། དེ་རྗེས་ཟླ་4པའི་ཟླ་མཇུག་ཏུ་སླེབས་སྐབས་ཉིང་ཁྲིའི་ས་ཆ་གང་དུ་ཕྱིན་ཀྱང་ཁམ་བུའི་མེ་ཏོག་གི་ཡུལ་ལྗོངས་ཡིད་དུ་འོང་བ་ཞིག་མཐོང་རྒྱུ་ཡོད། རང་བྱུང་ཁམས་ཀྱི་ཡིད་དབང་འཕྲོག་ནུས་འདི་ལྟ་བུ་ནི་དངོས་གནས་ང་ཚོའི་ཡིད་ཀྱི་གསོས་སུ་འགྱུར་བ་ཞིག་མིན་ནམ། དེ་བས་གླེང་རིན་ཡོད་པ་ཞིག་ནི། ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡས་མས་ལས་མེད་པའི་ཁར་སྔོ་ལྗང་ནེའུ་གསིང་གཡུ་ཡི་གཅལ་དུ་བཀྲམ་པ་ལྟ་བུའི་ཉིང་ཁྲིས་ལ་དུག་བརྒྱབ་པའི་ཡུལ་སྐོར་བའི་སེམས་ཁྲལ་སེལ་བ་དང་ཆབས་ཅིག ཀོང་ཀྲོའུ་དང་པེ་ཅིང་སོགས་གྲོང་ཁྱེར་མང་པོ་ཞིག་དབར་མཁའ་འགྲུལ་ལམ་ཐིག་ཤར་གཏོང་བྱས་ཡོད་པས་ཉིང་ཁྲི་འདི་ཉིད་བོད་དུ་བསྐྱོད་པའི་གདམ་ག་དང་པོར་གྱུར་ཡོད།
         དགུན་དུས་གངས་རི་དང་། དཔྱིད་ཀ་མེ་ཏོག དབྱར་ཁ་ནགས་མཚོ། སྟོན་དུས་སྡོང་ལོ་སེར་པོ་བཅས་ལ་ལྟ་ཐུབ་པ་མ་ཟད། དཔྱིད་དབྱར་སྟོན་གསུམ་ལ་རྦད་དེ་མེ་ཏོག་མཐོང་རྒྱུ་ཡོད། ལོ་རེའི་ཟླ་3པ་ནས་ཟླ་5པའི་བར་དང་ཟླ་9པ་ནས་ཟླ་10པའི་བར་ནི་ཉིང་ཁྲིར་ཡུལ་སྐོར་དུ་བསྐྱོད་པའི་དུས་ཚིགས་ཡག་ཤོས་ཡིན། མིག་སྔར། ཉིང་ཁྲིའི་ཡུལ་སྐོར་ལྗོངས་གཟིགས་ཁུལ་དུ་མཛེས་ལྗོངས་ཁུལ་ཆེ་གྲས་8དང་ལྟ་སྐོར་བྱ་ཡུལ་50ལྷག་ཙམ་ཡོད། གལ་ཏེ་ཉིང་ཁྲི་ནི་བོད་དུ་ཡུལ་སྐོར་བྱེད་པའི་གནས་ཡག་ཤོས་ཤིག་དང་ས་མཐོར་འཕྲོད་པར་བྱེད་པའི་ས་ཆ་ཞིག་རེད་ཅེས་བརྗོད་ཚེ། ཀླུ་ནང་ནི་ཉིང་ཁྲིར་སླེབས་རྗེས་ངེས་པར་དུ་བསྐྱོད་དགོས་ངེས་ཀྱི་ས་ཆ་ཞིག་རེད་ཅེས་བརྗོད་ཆོག
          མིའི་འབད་པར་བརྟེན་ནས་བྱུང་བའི་ཀླུ་ནང་གི་མཛེས་ཉམས།
         2017ལོའི་ཟླ་3ཚེས་28ཉིན་ཀླུ་ནང་རྒྱལ་སྤྱིའི་གྲོང་རྡལ་ཆུང་ངུའི་སྐྱེས་སྐར་ཐོག་མ་དེ་བཏང་བ་ལས་རྒྱལ་སྤྱིའི་གྲོང་རྡལ་ཆུང་ངུ་བསྐྲུན་འགོ་ཚུགས་ནས་བགྲང་བྱ་6སོང་ཡོད་ཅེས་བརྗོད་ཆོག ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་རྣམ་གྲངས་གལ་ཆེན་དང་ཡུལ་སྐོར་གྱི་གནད་སྨིན་དབུལ་སྐྱོར་རྣམ་གྲངས་དེར་འཆར་འགོད་ནས་བསྐྲུན་ཟིན་པའི་བར་བགྲང་བྱ་དྲུག་འགོར་ཞིང་། ཀོང་ཏུང་ཞིང་ཆེན་དང་བོད་རང་སྐྱོང་ལྗོངས་སྲིད་གཞུང་དང་ཁེ་ལས་མང་པོས་མཉམ་དུ་མ་རྩ་བཏང་སྟེ་བཏོད་པ་ཞིག་ཡིན་པར་ཁྱོན་མ་རྩ་སྒོར་དུང་ཕྱུར་30ལྷག་ཙམ་ཕྱིན་པ་དང་། “འཛམ་གླིང་གི་ཡུལ་སྐོར་བྱ་ཡུལ་རྩེ་གྲ”གཏོད་རྒྱུ་དམིགས་ཡུལ་དུ་འཛིན་པ། “དྭངས་གཙང་ལྷད་མེད་དང་། བོད་རིགས་ཀྱི་རིག་གནས། རང་བྱུང་གི་སྣོད་བཅུད། དེང་རབས་ཀྱི་དར་སྲོལ”བཅས་སྤྱིའི་གསར་སྤེལ་བྱ་གཞིར་བཟུང་ཡོད། བཀོད་སྒྲིག་ཞིབ་ཚགས་བྱས་རྗེས་གྲོང་རྡལ་ཆུང་ངུ་དེ་ཉིད་བོད་ཀྱི་ཡུལ་སྐོར་བྱ་ཡུལ་གལ་ཆེན་གསར་པ་ཞིག་ཏུ་གྱུར་པ་མ་ཟད། ཕོ་བྲང་པོ་ཏ་ལ་དང་འདྲ་བར་བོད་ཀྱི་ཡུལ་སྐོར་གྱི་མཚོན་རྟགས་གཞན་ཞིག་ཏུ་འགྱུར་བའི་རེ་བའང་ཡོད་པ་རེད།
         བོད་བཟོའི་རྣམ་པའི་གྲོང་རྡལ་ཆུང་ངུ་།
         གྲོང་རྡལ་ཆུང་ངུ་དེ་ཧྲིལ་པོར་རང་བྱུང་མཛེས་ལྗོངས་རྒྱབ་ལྗོངས་ཆེན་པོར་བྱས་ཏེ་ཀླུ་ནང་གི་རང་བྱུང་ནགས་ར་དང་། ཆུ་བོ། ས་འཛིན། གྲོང་སྡེ་བཅས་ཀྱི་བབ་དང་བསྟུན་ནས་བསྐྲུན་པ་དང་ཤིང་ལས་གྲུབ་པའི་ཐོག་ཁ་དང་། སྒོ་ར། ར་སྐྱོར་སོགས་བོད་བཟོའི་ཁང་པའི་ཉམས་འགྱུར་མངོན་གང་ཐུབ་བྱས་ཡོད་ལ། ལྷ་ས་དང་། གཞིས་རྩེ། ཆབ་མདོ། ནག་ཆུ་སོགས་ཀྱི་ཡུལ་མིའི་སྡོད་ཁང་གི་ཉམས་འགྱུར་ཡང་མངོན་པར་བྱས་སྟབས། ཡུལ་སྐོར་བ་བོད་ཀྱི་ས་ཁུལ་ཁག་ཚང་མར་བསྐྱོད་མི་དགོས་པར་དེ་རང་ནས་ས་ཁུལ་ཁག་གི་འཛུགས་སྐྲུན་གྱི་ཉམས་འགྱུར་འདྲེན་བྱེད་ཡུལ་དུ་ལྷམ་མེར་འཆར་ཐུབ།
         མི་རིགས་ཀྱི་ཡིན་ལ་རྒྱལ་སྤྱིའི་ཡང་ཡིན་པ་འདི་ནས་གསལ་པོར་མངོན།
         བྲག་ཡིབ་ཆུས་ནས་མེ་ཏོག་བར་གྱི་གཞུང་ལམ་དང་། ཀླུ་ནང་ནས་བྲག་གསུམ་མཚོ་དང་ཀོང་པོ་རྒྱ་མདའ་བར་གྱི་གཞུང་ལམ་བཟོས་པ་དང་སྦྲགས་ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འདི་ཉིད་བོད་ཤར་ལྷོའི་ཡུལ་སྐོར་གྱི་ལྟེ་བ་ཡིན་པའི་ནུས་པ་སྔར་བས་མངོན་གསལ་དོད་དུ་འགྲོ་རྒྱུ་རེད།
         ཤམ་བྷ་ལའི་ཞིང་ཁམས་དང་གཉིས་སུ་མེད་པའི་ཀླུ་ནང་དུ་ཞི་མཐུན་དང་། སྣོད་བཅུད། སྲོལ་རྒྱུན། དེང་རབས་བཅས་གཅིག་ཏུ་འདུས་ཡོད།
          སྐྱེ་བོ་ཀུན་གྱིས་ཀླུ་ནང་དུ་སླེབས་ན་རང་ཡུལ་གཏིང་བརྗེད་དུ་འགྲོ་སྲིད་ཅེས་བརྗོད་ལ། ཏག་ཏག་དེ་བཞིན་ཀླུ་ནང་ནི་སྙིང་ཁོངས་རུས་པའི་གཏིང་ནས་གཞིས་ཆགས་གཏན་སྡོད་བྱེད་འདོད་པའི་ས་ཆ་ཞིག་ཡིན་པ་སྨོས་ཅི་དགོས།
      

    ཕྱོགས་བསྡུས་གསར་འགྱུར།