འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གནད་སྨིན་དབུལ་སྐྱོར་ཐབས་མཆོག་གིས། ཡར་ལངས་གྲོང་ཚོ་འཕེལ་རྒྱས་ཕྱིན།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          ཟླ་བ་4པའི་ཟླ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་ཕིང་ཨན་ཆུས་སུ་སླར་ཡང་དགུན་ཁ་དང་གཉིས་སུ་མེད་པར་གངས་ལྷབ་ལྷུབ་ཏུ་འབབ་ནས་ས་གཞི་ཡོངས་གོས་དཀར་གྱིས་བཀླུབས་པ་ལྟར་སྣང་།
           ཕིང་ཨན་ཆུས་སན་ཧོ་གྲོང་རྡལ་ཡར་ལངས་གྲོང་ཚོའི་རི་ཁྲོད་དུ་ཞིང་སྤྱོད་འཕྲུལ་འཁོར་རྣམས་ཅུང་ཁོད་སྙོམས་པའི་ས་ཞིང་ཐོག་རྨོན་པ་རྒྱག་བཞིན་ཡོད་པ་དང་། དེ་ལས་ཅུང་གཡང་གཟར་བའི་རི་ལྡེབས་སུ་སོ་ནམ་པ་རྒན་པོ་ཞིག་གིས་རང་ཁྱིམ་གྱི་གླང་རྒན་འཁྲིད་ནས་རྨོན་པ་རྒྱག་བཞིན་པ་དེ་ལས་རི་ཁུལ་དེའི་སྐྱེ་བོ་ཡོངས་སོ་ནམ་ལས་ལ་བྲེལ་བརྩོན་ཆེན་པོས་གཞོལ་བཞིན་པ་མཐོང་ཐུབ།
         རྒྱུ་ཆ་ས་དང་ཤིང་ལས་གྲུབ་པའི་ཁང་ཁྱིམ་དང་། ཞོག་ཁོག་རྒྱ་མ་ཁྲི་གཉིས་གཤོང་ཐུབ་པའི་ཞོག་མདོང་། མང་ཉུང་མ་ལྟོས་པའི་བ་གླང་དང་ལུག ཐན་པས་གས་པའི་ཞིང་ཁ་ཡུག་གཅིག་བཅས་ནི་དེ་སྔོན་ཡུལ་འདིའི་དུད་ཚང་མི་རེ་ངོ་རེའི་རྒྱུ་ནོར་ཉག་གཅིག་དེ་ཡིན་ལ་ཆི་ཁུའེ་ཡོན་གྱི་ཁྱིམ་ཚང་ཡང་དེ་ལས་མ་འདས།
         ཆི་ཁུའེ་ཡོན་གྱི་ཕ་མ་གཉིས་འདི་ལོ་ལོ་59སླེབས་ཀྱི་ཡོད་ཅིང་། ཕ་འོན་པ་ཡིན་པའི་ཁར་མས་ཀྱང་ཞིང་ལས་ལས་ཟོར་ཡང་བ་དེ་དག་ལས་སྒྲུབ་ཐུབ་ཀྱི་མེད། རི་ཁུལ་གྱི་ས་རྒྱུ་ཞན་པའི་ཞིང་ཁ་དེ་དག་གི་ཐོན་འབབ་ཀྱིས་ཁྱིམ་མི་གསུམ་པོའི་ལྟོ་གོས་ཕྱིད་ཁག་པོ་ཡོད།
         ཁྱིམ་གྱི་འཁོས་ཀའི་ཆེད་དུ་དེ་སྔོན་ལོ་ལྟར་ཟླ་བཞི་པའི་ཟླ་མཇུག་ཏུ་ཆི་ཁུའེ་ཡོན་དང་ཡུལ་མི་ཚོས་ཉེ་འགྲམ་གྱི་རི་སྟེང་དུ་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་ཡི་ཡོད། ཟླ་བ་གཉིས་ནང་ཁོང་གིས་དབྱར་རྩྭ་དགུན་འབུ་རྐང་100ཙམ་བཏུས་པར་སྒོར་3000ཙམ་རག་གི་ཡོད། ཡིན་ནའང་ཉེ་བའི་ལོ་གཉིས་ནང་དབྱར་རྩྭ་དགུན་འབུ་དཀོན་དུ་ཕྱིན་ཡོད།
         ཡར་ལངས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧེ་ཀྲན་ཏེས་གསར་འགོད་པར་2015ལོའི་ལོ་མཇུག་ཏུ་མཚོ་སྔོན་གྱིས་གནད་སྨིན་དབུལ་སྐྱོར་ལས་དོན་ལ་སྐུལ་འདེད་བཏང་བ་དང་སྦྲགས་ཆི་ཁུའེ་ཡོན་སོགས་དུད་ཚང་23གྲོང་ཚོའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་གཏན་འཁེལ་བྱས། ཡར་ལངས་གྲོང་ཚོས་སྐབས་དེར་གཏན་འཁེལ་བྱས་པའི་དམིགས་ཚད་ནི་2016ལོའི་ལོ་མཇུག་ཏུ་གྲོང་ཚོ་ཧྲིལ་པོ་དབུལ་སྒྲོལ་ཐུབ་པ་དང་2017ལོར་སླེབས་སྐབས་དབུལ་སྒྲོལ་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་རྒྱུ་དེ་ཡིན་ཞེས་བཤད་པ་རེད།
         ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་བདེ་བླག་ངང་དབུལ་སྒྲོལ་ཐུབ་ཆེད། ས་གནས་སྲིད་གཞུང་གིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་ཀྱིས་ཆི་ཁུའེ་ཡོན་སོགས་གྲོང་མི་རྣམས་ལ་རོགས་པ་བྱས་ཡོད། 2016ལོར་ལོ་34ལ་སླེབས་པའི་ཆི་ཁུའེ་ཡོན་ཡུལ་དེའི་བྱ་ཁྱུང་ནགས་རའི་སྣོད་བཅུད་སྤྱི་ཕན་ནགས་ཚལ་གྱི་བདག་སྐྱོང་བར་གྱུར་ནས་སྦག་སྦག་བཞོན་ཏེ་ནགས་རར་སྐོར་གཡེང་ལ་འགྲོ་རྒྱུ་དེ་ཁོང་གི་ལས་ཀ་གསར་པར་གྱུར་པ་དང་ཟླ་རེར་ཁོང་ལ་གླ་ཆ་སྒོར་1800ལེན་རྒྱུ་ཡོད། ཆི་ཁུའེ་ཡོན་གྱི་ཕ་འོན་པ་ཡིན་པའི་དབང་གིས་ཕིང་ཨན་ཆུས་དབང་སྐྱོན་ལྷན་ཚོགས་ནས་དབང་སྐྱོན་ལག་ཁྱེར་བླངས་སྟབས་ལོ་ལྟར་དབང་སྐྱོན་ཁ་གསབ་སྒོར་2400ལེན་རྒྱུ་བྱུང་ཡོད།
         2016ལོར་སན་ཧོ་གྲོང་རྡལ་དུད་ཚང་དབུལ་པོར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི་269.46དོན་འཁྱོལ་བྱས་ཏེ་གཙོ་གནད་ཐོག་ཁྱད་ལྡན་འདེབས་འཛུགས་དང་གསོ་ཚགས་ལས་རིགས་སྐྱེད་སྲིང་དང་འཕེལ་རྒྱས་བཏང་བས་དུད་ཚང་དབུལ་པོའི“རང་བརྟེན”ནུས་པ་ཆེ་རུ་ཕྱིན་ཡོད། “ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་མི་རེར་ཐོན་ལས་འཕེལ་རྒྱས་ཀྱི་མ་དངུལ་སྒོར་5400སྤྲད་སོང་། ངེད་ཚང་གི་ནང་མི་གསུམ་ལ་སྒོར་16200ཡོད་པ་དེས་བཞོན་མ་གཉིས་ཉོས་པའི་ཁྲོད་བཞོན་མ་གཅིག་ལས་ན་ནིང་འོ་མ་སོས་པ་རྒྱ་མ་300ཐོན་པར་ཡོང་འབབ་སྒོར་1000རག་བྱུང་། སླད་ཕྱིན་བཞོན་མ་གཉིས་ཀར་འོ་མ་བཞོ་རྒྱུ་བྱུང་རྗེས་ངེད་ཚང་ལ་ལོ་གཅིག་ལ་ཡོང་འབབ་ཐོལ་པ་སྒོར་2000ཡོང་བ་འདུག དེས་མ་ཟད། བེའུ་སྐྱེས་རྗེས་ཡོང་འབབ་མུ་མཐུད་མང་དུ་འགྲོ་ངེས་རེད”ཅེས་ཆི་ཁུའེ་ཡོན་གྱིས་བཤད།
         “དེ་སྔོན་ཡར་ལངས་གྲོང་ཚོ་ཙམ་མ་ཟད། ཐ་ན་སན་ཧོ་གྲོང་རྡལ་ཡོངས་ཀྱི་ཞོག་ཁོག་སྲོལ་རྒྱུན་འདེབས་སྟངས་ལྟར་འདེབས་ཀྱི་ཡོད་པས་མུའུ་རེའི་ཐོན་འབབ་རྒྱ་མ་200ལས་མེད་ཁར་སྤུས་ཚད་ཀྱང་དེ་ཙམ་ཡག་པོ་མེད་པ་དང་ཁྲོམ་རའི་ཐོག་རྒྱ་མ་རེར་སྒོར་ཟུར་གཉིས་ལས་རག་གི་མེད་པས། གྲོང་མི་ཚོས་སོ་སོ་ཟ་བ་ཕུད་དེ་བྱིངས་རྣམས་ཕག་པ་དང་ལུག་ལ་སྟེར་གྱི་ཡོད”ཅེས་སན་ཧོ་གྲོང་རྡལ་གྱི་ཀྲེང་ཀྲང་གཞོན་པ་ཞེ་ཀྲན་ཆོན་གྱིས་དེ་ལྟར་བཤད།
          ཉེ་བའི་ལོ་གཉིས་རིང་། སན་ཧོ་གྲོང་རྡལ་གྱིས་ཞོག་ཁོག་ལ་འགྱིག་ཁེབས་གཡོགས་པའི་འདེབས་འཛུགས་ལག་རྩལ་ཁྱབ་གདལ་བཏང་ཞིང་། གཅིག་ནས་བཞའ་ཚན་ལེགས་པར་ཚགས་ཏེ་ས་རྒྱུའི་ཁྲོད་ཀྱི་བཞའ་ཚན་རླངས་འགྱུར་བྱེད་ཉུང་དུ་བཏང་ནས་ལྗང་པ་སྐྱེ་འཚར་ལེགས་པོ་ཡོང་བ་བྱས་པ་དང་། གཉིས་ནས་འགྱིག་ཁེབས་གཡོགས་ན་དྲོད་ཚད་མཐོ་རུ་ཕྱིན་ནས་དྲོད་སྲུང་ལ་ཕན་ཐོགས་ཡོད། དེ་ལྟར་བྱས་སྟབས་ཐོན་འབབ་ལྡབ་འཕར་བྱུང་བ་མ་ཟད། ཞོག་ཁོག་གི་སྤུས་ཚད་ཀྱང་སྔར་ལས་ལེགས་སུ་སོང་ཡོད།
         ཡར་ལངས་གྲོང་ཚོར་བཀྲ་ཤིས་པའི་དོན་དག་ད་དུང་ཧ་ཅང་མང་པོ་ཡོད། འདི་ལོར་དུད་ཚང་285ཡི་གྲོང་མི་ཡུལ་གཞན་ལ་གནས་སྤོས་དབུལ་སྐྱོར་བྱས་ཡོད།
          གཅིག་སྡུད་བཀོད་སྒྲིག་ཁུལ་གྱི་ཆི་ཁུའེ་ཡོན་གྱི་ཁྱིམ་ལ་རྒྱ་ཁྱོན་སྨི་ངོས་གྲུ་77.87དང་། ཉལ་ཁང་གཉིས། ཚོམས་ཆེན་གཅིག ཐབ་ཚང་གཅིག གསང་སྤྱོད་གཅིག་བཅས་ཡོད་པ་དང་ལྷོ་བྱང་གཉིས་ཀར་སྒེའུ་ཁུང་ཡོད་པ་མ་ཟད། རང་བྱུང་སོལ་རླངས་དང་འཚོ་བའི་བཙོག་ཆུ་འགྲོ་སའི་མདོང་ལམ་ཡང་འཁྲིད་ཡོད། ད་ཆ་བྲེལ་བརྩོན་ཆེན་པོས་ཁྱིམ་ལ་མཛེས་བཟོ་བྱེད་བཞིན་ཡོད། འདི་ལོའི་ལོ་འགོར་ཆི་ཁུའེ་ཡོན་གྱིས་མནའ་མ་བསུས་ནས་འཚོ་བ་སྐྱིད་པོ་ཞིག་སྐྱེལ་འགོ་ཚུགས།
         ཧེ་ཀྲན་ཏེས་ཡུལ་གཞན་ལ་དབུལ་སྐྱོར་གནས་སྤོ་བྱས་རྗེས་འགྲོ་ལམ་སྟབས་བདེ་རུ་སོང་བས་གྲོང་མི་རྣམས་ཀྱིས་སྒོ་འགྲམ་དུ་ལས་ཀ་སྒུག་བསྡད་ན་སྦྱིན་བདག་ཚོས་ལས་ཀ་བྱེད་པར་འཁྲིད་ཀྱི་ཡོད་པས་ཧ་ཅང་སྟབས་བདེ་པོ་འདུག་ཅེས་བཤད།
          དུས་ཐུང་ལོ་གཅིག་གི་དུས་ཚོད་ནང་ཆི་ཁུའེ་ཡོན་དང་ཡར་ལངས་གྲོང་ཚོའི་དུད་ཚང་དབུལ་པོ་ཁག་གི་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་འགྱུར་ལྡོག་དེ་རིགས་ཁོང་ཚོའི་ཉེ་འཁོར་གྱི་གྲོང་ཚོ་རྣམས་ལའང་བྱུང་དང་འབྱུང་མུས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།