འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རུའོ་ཨའོ་ཡི་ཕུགས་འདུན་འགྲུབ་ལ་ཉེ།

    —— ཀྲུང་གོས་བསྐྲུན་པའི་ཨ་ཧྥེ་རི་ཁའི་འབྲེང་ཟམ་ཆེ་ཤོས་ཀྱི་འབྲེང་ཐག་གཙོ་བོ་ཐོག་མར་འབྲེལ་མཐུད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 11:26】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “ང་གྲུ་གཟིངས་ནང་སྡོད་འདོད་མི་འདུག ཐེངས་གཅིག་ཀྱང་སྡོད་འདོད་མི་འདུག”ཅེས་རུའུ་ཨའོ་ཡིས་ཉེ་འགྲམ་གྱི་མཚོ་ངོགས་སུ་ཀྲོང་ངེར་འགྱིང་བའི་ཟམ་གདན་དང་ཟམ་ལྕོག་ལ་ལྟ་བཞིན་དེ་ནི་ངའི་རེ་བ་ཡིན་ལ་ངའི་ཕུགས་བསམ་ཡང་ཡིན་ཞེས་བཤད།
         རུའོ་ཨའོ་ཡིས་ལྟ་ས་དེ་ནི་མོ་ཙམ་པི་ཁེར་ཡོད་པའི་ཀྲུང་གོའི་རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་ཆེ་ཤོས་ཏེ། མ་ཕུ་ཐོ་ཟམ་ཆེན་དང་དེ་བཞིན་འབྲེལ་མཐུད་ལས་གྲྭ་ཡིན་པ་རེད། ཟམ་པ་དེ་ནི་ཀྲུང་གོའི་ལམ་ཟམ་ལས་གྲྭ་ཀུང་སིས་2014ལོར་འཛུགས་སྐྲུན་བྱེད་འགོ་བཙུགས་པ་ཞིག་ཡིན་པ་དང་སྔོན་དཔག་ལྟར་ན། འདི་ལོའི་ལོ་མཇུག་ཏུ་ལས་མཇུག་འགྲིལ་ནས་ཕྱི་ལོའི་ལོ་དཀྱིལ་དུ་དེའི་ཐོག་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད། ཟམ་ཆེན་གྱི་རྣམ་གྲངས་པུའི་རྒྱུན་ལས་ཅིང་ལི་གཞོན་པ་ཚའོ་ཁྲང་ཝེ་ཡིས་རིང་ཚད་སྤྱི་ལེ་3ཙམ་ཡོད་པའི་ཟམ་ཆེན་འཛུགས་སྐྲུན་ཟིན་རྗེས་རིང་ཚད་སྨི་680ཡི་ཟམ་ངོས་གཙོ་བོ་ཨ་ཧྥེ་རི་ཁའི་ཟམ་ངོས་གཙོ་བོ་ཆེ་ཤོས་ཀྱི་འབྲེང་ཟམ་དུ་འགྱུར་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།
         རུའོ་ཨའོ་ཡིས་མོ་ཙམ་པི་ཁེའི་རྒྱལ་ས་མོ་ཕུ་ཐོ་ཡི་གནམ་གྲུའི་སྤ་སེ་ཚབ་ཚོང་ཁང་ཞིག་ཏུ་ལས་ཀ་བྱེད་བཞིན་ཡོད་པ་དང་ཁོང་གི་ཁྱིམ་ནི་མོ་ཕུ་ཐོའི་ལྷོ་རྒྱུད་ཀྱི་གྲོང་རྡལ་ཆུང་ངུ་ཁ་ཐེང་པེ་ནས་རེད། ཁ་ཐེང་པེ་ནས་མོ་ཕུ་ཐོ་གྲོང་ཁུལ་དབར་བར་ཐག་སྤྱི་ལེ་ཁ་ཤས་ལས་མེད་མོད། འོན་ཀྱང་མཚོ་འགག་གཅིག་གིས་ཆོད་ཡོད་པ་དེས་ཡུལ་དེ་གའི་མི་ཕར་འགྲོ་ཚུར་འོང་བྱ་རྒྱུར་འགོག་རྐྱེན་མི་ཉུང་བ་ཞིག་བཟོས་ཡོད།
         ཉིན་ལྟར་ལས་ཀར་འགྲོ་དུས་ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་ནས་རུའོ་ཨའོ་ཡི་ཁ་ཐེང་པེ་ནས་སྤྱི་སྤྱོད་རླངས་འཁོར་དུ་བསྡད་དེ་གྲུ་ཁར་བསྐྱོད་དགོས། ལས་ཀར་འགྲོ་མཁན་གཞན་དང་རུ་སྟར་རིང་པོ་ཆུ་ཚོད་ཕྱེད་ཀ་ལྷག་ཙམ་བསྒྲིགས་རྗེས་མི་ཚོགས་དང་ལྷན་དུ་མོ་ཕུ་ཐོའི་གྲུ་གཟིངས་ནང་འགྲོ་དགོས་ཀྱི་ཡོད། ཆུ་བོའི་ཕ་རོལ་དུ་སླེབས་རྗེས་སྐར་མ་20ཙམ་བསྐྱོད་མཐར་གཞི་ནས་ལས་ཀ་བྱེད་སར་འབྱོར་གྱི་ཡོད།
         གྲུ་གཟིངས་རྙིང་ལ་བདེ་འཇགས་ཡག་པོ་མེད་པ། འགྲུལ་པ་བླུགས་ཚད་ལས་བརྒལ་བ། མཚོ་ངོས་ཀྱི་རླུང་རླབས་ཆེ་བ་སོགས་ཀྱི་རྐྱེན་པས་ལོ་ལྟར་ལས་འཛོལ་ཐོན་གྱི་ཡོད། ཚབས་ཆེ་དུས་ཆུ་སུབ་ཐེབས་ནས་མི་ཤི་མྱོང་ཡོད། རུའོ་ཨའོ་ཡིས“ཁ་ཐེང་པེ་ནས་མོ་ཕུ་ཐོ་བར་གལ་སྲིད་གྲུ་གཟིངས་ནང་འཚང་ཁ་མི་བརྒྱབ་ཚེ་རླངས་འཁོར་དུ་བསྡད་ན་ཆུ་ཚོད་བཞི་ཙམ་འགོར་གྱི་ཡོད། ཟམ་ཆེན་བསྐྲུན་རྗེས་ང་ཚོ་གྲོང་ཁུལ་དུ་བདེ་འཇགས་ངང་བསྐྱོད་རྒྱུ་ཡོད”ཅེས་བཤད།
          རིགས་གཅིག་མཁས་ཅན་གྱིས་ངོས་འཛིན་བྱས་དོན། ཟམ་ཆེན་དེས་མོ་ཕུ་ཐོ་མཚོ་ཁུག་ངོགས་གཉིས་ཀྱི་དམངས་འཚོ་ལེགས་སུ་གཏོང་རྒྱུར་གལ་འགངས་ཆེ་བ་མ་ཟད། མོ་ཕུ་ཐོའི་གྲོང་ཁྱེར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་རྒྱུའི་ངོས་ནས་བརྗོད་ནའང་དོན་སྙིང་གལ་ཆེན་ལྡན་ཡོད། ད་ཕན་ལོ་ཤས་ནང་ཕྱི་རྒྱལ་གྱི་མ་འཇོག་མཁན་རྒྱུན་ཆད་མེད་པར་མང་དུ་ཕྱིན་པ་དང་མཐའ་འཁོར་ས་ཁུལ་གྱི་གྲོང་མི་འབོར་ཆེན་ཞིག་རྒྱལ་སར་ཡོང་ནས་ལས་ཞུགས་གོ་སྐབས་འཚོལ་བ་དང་སྦྲགས་མོ་ཕུ་ཐོ་ཡི་གྲོང་ཁྱེར་གྱི་ཤོང་ནུས་ཆེ་རུ་ཕྱིན་མོད། འོན་ཀྱང་ཟམ་ཆེན་བསྐྲུན་རྗེས་ཁ་ཐེང་པེ་ས་ཁུལ་གྱིས་མོ་ཕུ་ཐོའི་འབྱུང་འགྱུར་འཕེལ་རྒྱས་ལ་དགོས་ངེས་ཀྱི་རྒྱ་སྐྱེད་བར་མཐོངས་མཁོ་འདོན་བྱས་ཏེ་རྒྱལ་སར་ཉིན་བཞིན་མི་མང་དུ་འགྲོ་བའི་སྣང་ཚུལ་ཞི་ལྷོད་དུ་འགྲོ་རྒྱུ་རེད། དེ་དང་ཆབས་ཅིག་སྦྲེལ་མཐུད་ལམ་ཐིག་བསྐྲུན་པ་དེས་མོ་ཕུ་ཐོ་ནས་མཚོ་ངོགས་ལྷོ་རྒྱུད་ལ་ཕྱོགས་པའི་ལམ་རྒྱུད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ལེགས་སུ་ཕྱིན་ཏེ་མོ་ཙམ་པི་ཁེར་དངོས་འབྲེལ་དོན་སྙིང་ལྡན་པའི་ལྷོ་བྱང་ཤར་གཏོང་ཐུབ་པའི་སྐམ་སའི་འགྲིམ་འགྲུལ་མ་ལམ་ལྡན་རྒྱུ་ཡིན་པ་དེས་ལམ་རྒྱུད་ཀྱི་དཔལ་འབྱོར་ཚོང་དོན་དང་ཡུལ་སྐོར་ལས་རིགས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་ཐེབས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།