འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།སྔོ་ལྗང་གི་འབོད་སྒྲ།

    —— མདོ་ལ་རི་བོའི་སྣོད་བཅུད་ཐད་ཀྱི་སྙན་ཞུ་གསར་ཤོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་ལོ་གཉིས་ལྷག་ཙམ་རིང་མདོ་ལ་རི་བོར་རྩད་ཞིབ་བྱེད་པར་ཐེངས་བདུན་བསྐྱོད་པར་ལམ་ཐག་སྤྱི་ལེ་ཁྲི་ཟིན་ཏེ་ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་པོའི་སྲུང་སྐྱོང་ཁུལ་གྱི་ལྟེ་གནས་དང་ཞིང་འབྲོག་པའི་ཁྱིམ་དུ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཚོལ་ཞིབ་བྱས་པས་མདོ་ལ་རི་བོའི་འབོད་སྒྲ་ལྷང་ལྷང་དུ་ཐོས་བྱུང་།
         “སྐྱེད་མའི་རི་བོའི”གང་སར་རྨ་ཤུལ་གྱིས་ཁེངས་པ་གསོ་བའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།
         མདོ་ལ་རི་བོས་རྨ་ནུབ་བར་ཁྱམས་གཡུ་གཞོང་གི་ཧེ་ཧོ་དང་། ཧྲུའུ་ལེ། ཧྲི་དབྱང་བཅས་གཙང་པོ་ཆེ་གྲས་གསུམ་དང་ཆུ་བོའི་སྨད་རྒྱུད་ཀྱི་མི་གྲངས་ཁྲི་500ལྷག་ཙམ་བསྐྱངས་ཡོད་པ་དེ་ནི་མཚོ་བོད་ས་མཐོ་དང་ཐ་ན“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”གི་གཙང་གསུམ་ཆུ་མགོའི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་གི་སྲུང་ཡོལ་ཞིག་ཀྱང་རེད། མདོ་ལ་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་མིག་སྔར་རིགས་ཁག་གི་འཛུགས་སྐྲུན་རྣམ་གྲངས་དང་བཅོས་སྒྲིག་བྱེད་དགོས་པའི་གནད་དོན་ཁག་200ལྷག་ཙམ་ཡོད་པའི་ནང་གཏེར་རི་འཚོལ་ཞིབ་བྱེད་པའི་རྣམ་གྲངས་60ལས་བརྒལ་ཡོད།
         ད་ཆ་འུར་ཟིང་གི་སྒྲ་དང་ཐལ་རྡུལ་འཇགས་ནས་ནགས་ཁྲོད་སླར་ཡང་དབེན་པར་གྱུར། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་པོའི་ས་ཁོངས་ཀྱི་མདོ་ལ་རི་བོ་སྲུང་སྐྱོང་ཁུལ་ནང་གི་གཏེར་ཁ་སྔོག་འདོན་དང་འཚོལ་ཞིབ་རྣམ་གྲངས་ཀྱི་ལས་དོན་སྤེལ་མཚམས་བཞག་པའམ་ཡང་ན་སྒོ་ཐེལ་བརྒྱབ་ཡོད། མདོ་ལ་རི་བོའི་སྣོད་བཅུད་གནས་སྟངས་ཐད་ཏང་ཀྲུང་དབྱང་དང་ས་གནས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་མཐོང་ཆེན་གནང་ནས་ཕྱོགས་བསྡུས་བྱ་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་བཞིན་ཡོད་ལ་མུ་མཐུད་ལག་བསྟར་བྱ་རྒྱུ་རེད།
         ཕུགས་ཀྱི་ཇུས་གཞི་འགོད་པར་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་དགོས།
         སྲུང་སྐྱོང་མཁན་ཚོས་དུས་ཚོད་དང་ཚེ་སྲོག་ལ་བརྟེན་ནས་དགའ་གཅེས་བྱེད་པ་ནི་རི་བོ་གཅིག་པུ་མིན་པར་དེ་བས་སྣོད་བཅུད་ཤེས་དཔལ་སྲུང་བ་དེ་ཡིན།
         རང་བྱུང་གི་ཕྱུགས་འཚོར་ཚོད་འཛིན་དང་། སྡོམས་གསོས་གསོ་སྤེལ་ཁྱབ་གདལ་གཏོང་བ། འབྲོག་པ་གནས་སྤོ་གཞིས་ཆགས་བྱས་ནས་ཚད་ལས་བརྒལ་བའི་དོ་མཉམ་མེད་པ་དང་ཐེག་ནུས་ཆེ་བར་གྱུར་པའི་མདོ་ལ་རི་བོའི་སྣོད་བཅུད་སྦྲེལ་ཐག་ཡོ་བསྲང་བྱེད་བཞིན་ཡོད། སྐབས་དེར་མདུན་སྐྱོད་བྱེད་པ་ནི་འགྲོ་ལམ་འཚོལ་བ་ཞིག་ཡིན་ལ། ད་ཆ་ཕྱིར་འཐེན་བྱེད་པར་ཡང་ངེས་པར་དུ་འགྲོ་ལམ་འཚོལ་དགོས། དེར་ས་གནས་ཀྱི་སྒུལ་ནུས་གསར་པར་བརྟེན་ནས་སྲོལ་རྒྱུན་གྱི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་བྱེད་དགོས་ལ་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་མ་དེ་བས་གཏོང་དགོས།
         ཐུན་མོང་གི་དཀའ་ངལ་སེལ་ནས་ཞི་མཐུན་མཉམ་གནས་ཀྱི་ཡུལ་ཁམས་གསར་པ་གཏོད་དགོས།
         མདོ་ལ་རི་བོའི་སྣོད་བཅུད་འགྱུར་ལྡོག་ནི་ཀྲུང་གོའི་སྣོད་བཅུད་ཤེས་དཔལ་སྒྲིག་གཞི་སྒྱུར་བཅོས་ཀྱི་དཔེ་མཚོན་ཞིག་རེད། ཀྲུང་གོའི་ནུབ་རྒྱུད་ཀྱི་མཚོ་བོད་མཐོ་སྒང་དང་ནུབ་བྱང་གི་ཐང་རྒོད་ཐོག་འཕྲེད་དུ་ཆགས་པའི་རི་རྒྱུད་ཧ་ཅང་ཆེན་པོ་ཞིག་ཡིན་པ་དང་། དེ་ཁུལ་ནི་ཁོར་ཡུག་གི་འགྱུར་ལྡོག་ལ་ཚོར་བ་སྐྱེན་པས་སྣོད་བཅུད་ཧ་ཅང་ཉམས་ཞན་ཡིན། མདོ་ལ་རི་བོའི་སྣོད་བཅུད་ཁོར་ཡུག་གི་ཁྱད་ཆོས་ཆེ་ཤོས་འང་དེ་ཡིན།
         མིའི་རིགས་ནི་རང་བྱུང་ཁམས་ཀྱི་ཐོན་དངོས་ཤིག་ཡིན་ལ་རང་བྱུང་ཁམས་ནས་ཚད་བརྒལ་ངང་ལེན་དྲགས་པའི་དངོས་རིགས་ཤིག་ཀྱང་རེད། མཛེས་སྡུག་ལྡན་ཞིང་ཐོན་ཁུངས་ཕུན་སུམ་ཚོགས་པའི་རྨ་ནུབ་བར་ཁྱམས་སྲུང་སྐྱོང་དང་འཛུགས་སྐྲུན་བྱས་ནས“སྐྱེད་མའི་རི་བོས”དེ་གའི་མི་རྣམས་གསོ་བའི་ནུས་པ་བསྐྱར་གསོ་བྱེད་པར་འཕྲལ་མར་ཕན་འབྲས་ཐོན་པའི་བྱ་སྤྱོད་སྤེལ་དགོས་ལ་སྣོད་བཅུད་ཤེས་དཔལ་ལ་འཛིན་པའི་མིག་རྒྱང་རིང་མོའི་ཐོག་ནས་ཇུས་གཞི་བཟོ་བ་དང་སྤྱི་ཡོངས་ལ་ལྟ་རྟོག་དེ་བས་བྱེད་དགོས། ཟུར་ཚད་གང་རུང་ཞིག་གི་ངོས་ནས་བརྗོད་ནའང་མདོ་ལ་རི་བོ་སྲུང་སྐྱོང་ཡག་པོ་བྱ་རྒྱུ་ནི་ང་ཚོའི་ཐུན་མོང་གི་འགན་འཁྲི་ཞིག་རེད།
          ལྗང་མདོག་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས་ཚད་བཀག་སེལ་རྒྱུར་སྣེ་ཁྲིད་ཀྱིས་སྣོད་བཅུད་བཟང་བའི་ཀྲུང་གོ་བསྐྲུན་ཆེད་འབྱུང་འགྱུར་གྱི་ཁ་ཕྱོགས་འཚོལ་ཞིབ་བྱེད་དགོས།
          མདོ་ལ་རི་ནས་སྐྱོད་སྐབས་ང་ཚོས“སྐད་སྒྲ་སྙན་པོ”མང་པོ་ཐོས་བྱུང་ལ“བྱ་ཐབས་བཟང་པོའང”མི་ཉུང་བ་ཞིག་ཡིད་ལ་འཁོར་ནས་ལས་བྱེད་མང་ཚོགས་ཚོས“སྔོ་ལྗང་རི་ཀླུང་གསེར་རི་དངུལ་རི”ཡིན་པའི་འདུ་ཤེས་གསར་པ་རིམ་པས་འཛུགས་བཞིན་ཡོད་པའང་ཚོར་བྱུང་།
           སྒྲིག་གཞི་དང་ལམ་སྲོལ་གྱི་ཚད་བཀག་ཁྲོད་ནས་ཇི་ལྟར་བྱས་ཏེ་ཚད་བརྒལ་ཡོང་བ་བྱ་རྒྱུ་ནི་མི་ཚོས་ངེས་པར་དུ་ཐག་གཅོད་བྱེད་དགོས་པའི་གནད་དོན་ཞིག་རེད། རི་བོ་གཅིག་ཞིང་ཆེན་གཉིས་དང་འབྲེལ་བ་ཡོད་པ་མ་ཟད་དོ་དམ་སྒྲིག་གཞི་གཅིག་མཚུངས་མིན་པའི་མདོ་ལ་རི་བོ་ནི་ཀན་སུའུ་ཞིང་ཆེ་ནང་ཁོངས་སུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ནང་ཁོངས་སུ་ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་རེད། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་རྫོང་6ལ་ཁྱབ་པའི་ཧྲན་ཏན་རྟ་རྭ་ནི་ཀྲུང་དབྱང་ཁེ་ལས་ཀྲུང་གོ་ཞིང་ལས་འཕེལ་རྒྱས་ཚོགས་པ་ཚད་ཡོད་ཀུང་སིའི་མངའ་འོག་ཡིན་པས་ཁེ་ལས་ཀྱི་གཉེར་སྐྱོང་དང་སྣོད་བཅུད་སྲུང་སྐྱོང་ཐད་འགལ་བ་མངོན་གསལ་དོད་པོ་ཡོད།
         འབྲེལ་ཡོད་སྡེ་ཚན་ཁག་དང་ས་གནས་སྲིད་གཞུང་གིས་ཀྱང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དོན་འཁྱོལ་བྱེད་པའི་འཆར་འགོད་བཟོ་བཞིན་ཡོད་པ་དང་། གསར་བཅོས་བྱས་པའི་བསམ་བཀོད་དེ་དག་གིས་རྨ་ནུབ་བར་ཁྱམས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་སྒྱུར་འཕེལ་རྒྱས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་འགྲོ་རྒྱུ་མ་ཟད། ཀྲུང་གོས་སྣོད་བཅུད་ཤེས་དཔལ་སྲོལ་གཏོད་ཀྱི་ཁ་ཕྱོགས་འཚོལ་ཞིབ་དང་སྣེ་ཁྲིད་བྱེད་བཞིན་པ་མཚོན་གྱི་ཡོད།
          ད་ཆ་མདོ་ལ་རི་བོ་སྲུང་སྐྱོང་བྱ་རྒྱུ་དེ་རང་ཉིད་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན།
          ལོ་རྒྱུས་ཁྲོད་རླབས་ཆེའི་བགྲོད་ལམ་ཡིན་པའི་རྨ་ནུབ་བར་ཁྱམས་འདི་ཉིད་སླར་ཡང་སྐྱེ་སྟོབས་ཀྱི་དཔལ་འབར་བ་བྱས་ནས་ཤར་ནུབ་ཀྱི་ཤེས་དཔལ་དང་སྦྲེལ་མཐུད་བྱེད་པའི་དར་གོས་ལམ་བུ་ནམ་ཡང་ཤར་གཏོང་ཐུབ་པ་བྱེད་དགོས། འབད་བརྩོན་དང་ལེགས་སྐྱེས་ཕུལ་བ་མཐའ་དག་ལས་སྣོད་བཅུད་ལེགས་པའི་འབྱུང་འགྱུར་ཞིག་བསུ་ངེས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།