འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”གི་ཤེས་ལྡན་པའི་མཉམ་ལས་ཡར་ངོའི་ཟླ་ལྟར་འཕེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 11:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་ལྔ་པའི་ཟླ་འགོར་ཨོ་སི་ཁྲུ་ལི་ཡ་རུ་སྟོན་མཇུག་ལ་སླེབས་ཟིན་ནའང་། ཀྲུང་གོའི་ཁྲང་ཀྲོའུ་སློབ་ཆེན་ནས་ཡིན་པའི་མི་ཁག་གཅིག་གིས་དེ་གར་དཔྱིད་དཔལ་བཞད་པ་ལྟ་བུའི་སྣང་བ་ཞིག་སྟེར་ཡོད། ཁྲང་ཀྲོའུ་སློབ་ཆེན་གྱི་འཐུས་མི་ཚོགས་པས་ཉེ་ཆར་ཧྥོ་ལིན་ཏེ་སི་སློབ་ཆེན་དང་ཨ་ཏེ་ལའེ་ཏེ་སློབ་ཆེན་སོགས་ཨོ་སི་ཁྲུ་ལི་ཡའི་གྲགས་ཅན་མཐོ་སློབ་དང་ཤེས་ལྡན་པ་གསོ་སྐྱོང་དང་མཉམ་ལས་སློབ་གཉེར་སོགས་ཐད་སྤེལ་རེས་གཏིང་ཟབ་བྱས་པ་རེད།
         ཕྱི་རྒྱལ་གྱི་ལས་རིགས་ཁག་དང་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་འཚོལ་ཞིབ་བྱས་ཏེ་མཐོ་སློབ་ཀྱི་ཤེས་ལྡན་པ་གསོ་སྐྱོང་དང་ཚན་ཞིབ་རིག་གཞུང་སོགས་ཐད་ཀྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཕྱི་རྒྱལ་གྱི་མཐོ་སློབ་ཀྱི་ལེགས་ཆའི་རིག་ཚན་ལ་དཔེ་ཧུར་ཐག་བལྟས་ནས་ལེགས་ཆ་གསབ་རེས་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་མིག་སྔའི་ཀྲུང་གོའི་མཐོ་སློབ་དང་ཚན་ཞིབ་སྒྲིག་གཞིའི་ལས་ཀའི་གཙོ་གནད་ཅིག་ཏུ་གྱུར་ཡོད། ཁྲང་ཀྲོའུ་སློབ་ཆེན་གྱི་འཐུས་མི་ཚོགས་པའི་ད་ཐེངས་ཀྱི་བྱེད་སྒོ་ནི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་ཀྲུང་གོའི་མཐོ་སློབ་ཀྱིས་ཕྱི་རྒྱལ་དུ་ཤེས་ལྡན་པའི་མཉམ་ལས་འཚོལ་ཞིབ་བྱེད་པའི་དཔེ་མཚོན་གྲས་ཤིག་ཡིན་པ་རེད།
         ཁྲང་ཀྲོའུ་སློབ་ཆེན་གྱི་སློབ་སྤྱི་གཞོན་པ་ཁྲེང་ཁུའེ་ཆིང་གིས“‘རྒྱུད་གཅིག་ལམ་གཅིག’གིས་ཀྲུང་གོའི་མཐོ་སློབ་ལ་རྒྱལ་སྤྱི་རིམ་པའི་སྤེལ་རེས་ཀྱི་ལས་སྟེགས་ཤིག་བསྐྲུན་ཡོད། ཀྲུང་གོའི་མཐོ་སློབ་ཀྱིས་ཀྱང‘རྒྱུད་གཅིག་ལམ་གཅིག’ལ་རྒྱལ་སྤྱིའི་ཤེས་ལྡན་པ་གསོ་སྐྱོང་བྱེད་ཀྱི་ཡོད། དེར་བརྟེན་ཁྲང་ཀྲོའུ་སློབ་ཆེན་གྱིས་ད་རེས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་བློ་ཁོག་ཆེན་པོས་ཨོ་སི་ཁྲུ་ལི་ཡའི་མཐོ་སློབ་དང་གསར་གཏོད་རང་བཞིན་གྱི་མཉམ་ལས་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
         ཁྲང་ཀྲོའུ་སློབ་ཆེན་ནི་འབྲི་ཆུའི་ལྷོ་རྒྱུད་ཀྱི་ལོ་རྒྱུས་དང་རིག་གནས་ཀྱི་གྲགས་ཅན་གྲོང་ཁྱེར་ཅང་སུའུ་ཞིང་ཆེན་ཁྲང་ཀྲོའུ་གྲོང་ཁྱེར་དུ་གནས་ཤིང་། 1978ལོར་བསྐྲུན་པ་ཞིག་རེད། ལོ་30ལྷག་ཙམ་གྱི་སློབ་གཉེར་ཉམས་མྱོང་ལས་འཕེལ་རྒྱས་ཀྱི་འཇུར་མིག་སེལ་དགོས་ཚེ་ངེས་པར་དུ་འཛམ་གླིང་གི་རྒྱལ་ཁབ་ཁག་དང་ས་ཁུལ་གཞན་དག་གི་མཐོ་སློབ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ལེགས་ཆ་གསབ་རེས་བྱས་ནས་རྒྱལ་སྤྱིའི་ཤེས་ལྡན་པ་གསོ་སྐྱོང་བྱེད་དགོས་པ་ཁྲང་ཀྲོའུ་སློབ་ཆེན་གྱིས་གསལ་པོ་ཤེས་ཀྱི་ཡོད།
         ཨ་ཏེ་ལའེ་ཏེ་གྲོང་ཁྱེར་དུ་གནས་པའི་ཧྥོ་ལིན་ཏེ་སི་སློབ་ཆེན་ནི་ཨོ་སི་ཁྲུ་ལི་ཡའི་སློབ་གྲྭ་གྲགས་ཅན་ཞིག་ཡིན་པ་མ་ཟད། སློབ་གྲྭ་དེའི་གསོ་རིག་ཆེད་ལས་རྒྱལ་སྤྱིའི་ཐོག་སྙན་གྲགས་ཧ་ཅང་ཆེན་པོ་ཡོད།
         ཁྲེང་ཁུའེ་ཆིང་གིས་མིག་སྔར་ཁྲང་ཀྲོའུ་སློབ་ཆེན་གྱིས་གསོ་རིག་སློབ་གླིང་གྲབས་གཉེར་བྱེད་བཞིན་ཡོད་པས་ཧྥོ་ལིན་ཏེ་སི་སློབ་ཆེན་གསོ་རིག་སློབ་གླིང་གི་སྔོན་ཐོན་སློབ་གཉེར་འདུ་ཤེས་དང་འཐུས་སྒོ་ཚང་བའི་དོ་དམ་ཉམས་མྱོང་ནི་ཁྲང་ཀྲོའུ་སློབ་ཆེན་ངོས་ནས་བརྗོད་ན་ཧ་ཅང་དགོས་གལ་ཆེན་པོ་ཡིན། ཧྥོ་ལིན་ཏེ་སི་སློབ་ཆེན་དང་མཉམ་ལས་བྱས་ཚེ་ཁྲང་ཀྲོའུ་སློབ་ཆེན་གྱི་དགེ་སློབ་ལ་ཕན་པ་མི་ཉུང་བ་ཐོབ་རྒྱུ་རེད་ཅེས་བཤད།
         ཁྲེང་ཁུའེ་ཆིང་གིས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལས་ཕན་པ་ཐོབ་པར་བརྟེན་ཁྲང་ཀྲོའུ་སློབ་ཆེན་གྱིས་ཕྱི་རྒྱལ་གྱི་མཐོ་སློབ་དེ་བས་མང་བ་དང་མཉམ་ལས་དང་སྤེལ་རེས་བྱ་རྒྱུ་ཡིན་པའི་སྔོན་དཔག་བྱས་ཤིང་། ཁོང་གིས“དེ་ནི་སྤེལ་རེས་ཙམ་མིན་པར་རྒྱལ་ཁབ་ལ་རྒྱལ་སྤྱིའི་ཤེས་ལྡན་པ་གསོ་སྐྱོང་བྱས་ནས‘རྒྱུད་གཅིག་ལམ་གཅིག’ལ་ཞབས་ཞུ་དེ་བས་ལེགས་པ་ཞུ་ཆེད་ཡིན”ཞེས་བཤད།
         ཀྲུང་གོས་སྔར་ནས་འཛམ་གླིང་དང་ཤེས་ལྡན་པའི་སྤེལ་རེས་བྱས་མྱོང་ནའང་། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོས་སྤེལ་རེས་དེ་རིགས་ལ་སྔར་ན་མེད་པའི་ལས་སྟེགས་རྒྱ་ཆེན་པོ་ཞིག་བསྐྲུན་ཡོད། ལས་སྟེགས་འདིའི་ཐོག་ཀྲུང་གོས་འཛམ་གླིང་དང་ཤེས་ལྡན་པའི་སྤེལ་རེས་དང་མཉམ་ལས་བྱ་རྒྱུར་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ནས་གོ་ལ་ཧྲིལ་པོར་ཕན་པ་ཐོབ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།