འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཐེ་ལན་དུ་སྐད་འཕྲིན་གཏོང་སྤྲོད་ཡོངས་ཁྱབ་ཐུབ་པ།

    ཐེ་ལན་དུ་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། དབྱང་ཨོའུ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་08ཉིན། 11:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         “དེ་སྔ་ཡུལ་དེར་འཛད་སྤྱོད་བྱེད་མཁན་ཀྲུང་གོའི་ཡུལ་སྐོར་བས་སྤྱིར་ན་དངུལ་སྨར་སྤྲད་ནས་འཛད་སྤྱོད་བྱེད་ཀྱི་ཡོད། སྐད་འཕྲིན་གཏོང་སྤྲོད་ཤར་གཏོང་ཐུབ་ཚུན་དེར་ཡོང་མཁན་ཡུལ་སྐོར་བ་30%མང་དུ་ཕྱིན་ཡོད”ཅེས་ཐེ་ལན་གྱི་ཡུལ་སྐོར་གྲོང་ཁྱེར་ཆིང་མའེ་ཡི་ཐའེ་དབང་ལུའོ་ཟ་ཁང་གི་སྦྱིན་བདག་སུའུ་ལི་ལེས་དགའ་སྤྲོའི་ངང་གསར་འགོད་པར་བཤད།
         སྐད་འཕྲིན་གཏོང་སྤྲོད་ཀྱི་གྲངས་གཞི་གསར་ཤོས་ལས་མངོན་པར། ཀྲུང་གོའི་ཡུལ་སྐོར་བས་ཐེ་ལན་དུ་ཉོ་ཚོང་བྱེད་ཚད་ན་ནིང་གི་དུས་མཚུངས་ལས་ལྡབ་6འཕར་ཡོད། སྐད་འཕྲིན་གཏོང་སྤྲོད་ཀྱིས་མཁོ་འདོན་བྱས་པའི་ས་ཁོངས་ལས་བརྒལ་བའི་གཏོང་སྤྲོད་ལས་ཀྲུང་གོའི་ཡུལ་སྐོར་བས་ས་ཁོངས་ཕྱིར་སྐད་འཕྲིན་བརྒྱུད་མི་དམངས་ཤོག་སྒོར་གཏོང་སྤྲོད་བྱེད་ཆོག་པ་དང་ཚོང་པར་ཐེ་ལན་གྱི་དངུལ་ལོར་ཐོབ་པས་དངུལ་ལོར་བརྗེ་བ་དང་དངུལ་སྨར་ཐོག་ནས་དངུལ་སིལ་མ་སྤྲོད་པ་སོགས་ཀྱི་ལས་རྙོག་མེད་པར་གྱུར་བས་ཡུལ་སྐོར་བ་དང་ཚོང་པའི་དགའ་བསུ་ཐོབ་པ་རེད།
         ཐེ་ལན་རྒྱལ་སྤྱི་ཡུལ་སྐོར་ཅུས་ཀྱིས་བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོའི་ལོ་སྟོད་ཁོ་ནར་ཐེ་ལན་དུ་བསྐྱོད་པའི་ཀྲུང་གོའི་ཡུལ་སྐོར་བ་མི་ཐེངས་ཁྲི་470ལྷག་ཙམ་ཟིན་ནས་དུས་མཚུངས་ལས་20%ཙམ་འཕར་ཏེ་ཐེ་ལན་ལ་ཡོང་འབབ་ཐེ་ཀྲུའུ་དུང་ཕྱུར་2449(མི་དམངས་ཤོག་སྒོར་1ལ་ཐེ་ཀྲུའུ་5ཙམ་ཟིན་པ)བྱུང་བ་དང་། 2016ལོའི་ཟླ་12པ་ནས་2017ལོའི་དཔྱིད་གསར་དུས་ཆེན་བར་ཐེ་ལན་དུ་ཡུལ་སྐོར་བྱེད་པར་འགྲོ་མཁན་ཀྲུང་གོའི་ཡུལ་སྐོར་བའི་མི་གྲངས་དུས་མཚུངས་ལས་ལྡབ་3ཡན་འཕར་ཡོད་པ་རེད།
        ཀྲུང་གོའི་ཡུལ་སྐོར་བ་སླེབས་པ་དང་སྦྲགས་སྐད་འཕྲིན་གཏོང་སྤྲོད་ཀྱི་ཕན་འབྲས་ལ་ཐེ་ལན་གྱི་ཚོང་པའི་ཁས་ལེན་ཐོབ་པ་དང་ཁོང་ཚོས་ཕན་ཚུན་བརྒྱུད་སྤེལ་དང་རང་འགུལ་ངང་ཁྱབ་གདལ་བཏང་བས་གཞི་ཁྱོན་གྱི་ཕན་ནུས་ཐོན་ཡོད། མིག་སྔར་ཐེ་ལན་དུ་རྒྱལ་ས་པང་ཁོག་གི་མུ་འབྲེལ་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་ནས་ཆིང་མའེ་དང་ཕུའུ་ཅིས་གླིང་ཕྲན་གྱི་ཁྲོམ་གཞུང་གི་ཚོང་པ་ཉི་ཚེ་བ་ཚང་མས་སྐད་འཕྲིན་གཏོང་སྤྲོད་སྤྱོད་པ་དང་ཐེ་ལན་གྱི་ས་ཁོངས་ཡོངས་སུ་དངུལ་སྨར་སྤྲོད་དགོས་མེད་པའི་འཛད་སྤྱོད་ཡོངས་ཁྱབ་ཐུབ་ཡོད། སྐད་འཕྲིན་གཏོང་སྤྲོད་ཞབས་ཞུའི་ཚོང་པ་པུ་ལུའོ་PASSཡི་རྒྱལ་ཕྱིའི་གཏོང་སྤྲོད་ལས་སྒོའི་སྤྱི་ཁྱབ་ལྟ་ཞིབ་པ་ཀེང་ཀྲི་ཡིས་སྐད་འཕྲིན་གཏོང་སྤྲོད་དེ་འཆར་ལ་ཉེ་བའི་ལྔ་གཅིག་དང་། དབྱར་གསེང་། རྒྱལ་སྟོན་སོགས་གུང་གསེང་ལ་སྤྱོད་མཁན་ཧ་ཅང་མང་པོ་ཡོང་སྲིད་པའི་ངོས་འཛིན་བྱས་པ་རེད།
         ཐེ་ལན་གྱི་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་ཆེ་ཤོས—ཝང་ཆོན་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་གི་ཁྲོམ་ར་པུའི་ཅིང་ལི་ཁོང་ཝེ་ཡིས་ཀྲུང་གོའི་མགྲོན་པོ་དེ་བས་མང་བས་སྐད་འཕྲིན་གཏོང་སྤྲོད་བྱེད་རེ་བྱེད་ཀྱི་ཡོད། ན་ནིང་ང་ཚོའི་ཚོང་ཁང་གིས་སྐད་འཕྲིན་གཏོང་སྤྲོད་ཤར་གཏོང་བྱས་པ་ལས་ཀྲུང་གོའི་མགྲོན་པོས་རྒྱལ་ནང་ལྟར་སྟབས་བདེ་བའི་དངོས་ཟོག་ཉོ་སྒྲུབ་ཁོར་ཡུག་ཉམས་ལེན་བྱ་རྒྱུ་བྱུང་རྗེས་དངུལ་ལོར་བརྗེ་པོ་རྒྱག་པ་སོགས་ཀྱི་གནད་དོན་གྱིས་རྐྱེན་པའི་སུན་སྣང་བྱེད་དགོས་མེད་པ་དང་གང་དུ་ཕྱིན་ཀྱང་རང་རྒྱལ་ཁབ་ཏུ་ཡོད་པ་ལྟ་བུའི་ཞབས་ཞུ་ལོངས་སྤྱོད་བྱ་རྒྱུ་བྱུང་ཡོད། དེ་དང་ཆབས་ཅིག་ཝང་ཆོན་ཁྲལ་འཇལ་མི་དགོས་པའི་ཚོང་ཁང་གིས་ད་དུང་སྐད་འཕྲིན་སྤྱི་རྟགས་སོགས་ཀྱི་ཞབས་ཞུའི་ནུས་པ་ཤར་གཏོང་བྱས་ནས་མགྲོན་པོ་ཚོར་སྟབས་བདེ་བསྐྲུན་ཡོད། “ཐེ་ལན་གྱི་ཚོང་པ་མང་པོ་ཞིག་གིས་ཀྲུང་གོ་བ་དང་ཚོང་རྒྱག་དགོས་ན་ཀྲུང་གོ་བའི་བྱ་ཐབས་སྤྱོད་དགོས་ལུགས་རྟོགས་པ་བྱེད་དགོས”ཞེས་བཤད་པ་རེད།
         ཐེ་ལན་དུ་སྐད་འཕྲིན་གཏོང་སྤྲོད་འཕེལ་རྒྱས་བྱུང་བ་དེས་ཕྱོགས་གསུམ་པའི་ཞབས་ཞུ་ཚོང་པར་ཁྲོམ་རའི་བར་མཐོངས་དེ་བས་ཆེ་བ་མཁོ་འདོན་བྱས་ཡོད། སྐད་འཕྲིན་གཏོང་སྤྲོད་ཀྱིས་རྒྱལ་ནང་གི་སྒོ་དབྱེའི་ཐབས་ཇུས་རྒྱུན་མཐུད་བྱས་ཏེ་རྨང་གཞིའི་ཐག་གཅོད་ཇུས་གཞི་ཁོ་ན་བཟོ་བ་དང་ཞབས་ཞུའི་ཁྲོམ་ར་ཆེན་པོ་དེ་ས་ཁོངས་ཕྱིའི་ཁྲོམ་རར་དེ་བས་རྒྱུས་མངའ་ཆེ་བའི་ཕྱོགས་གསུམ་པའི་མཉམ་ལས་རོགས་ཟླར་རྩིས་སྤྲད་པ་རེད།
         སྐད་འཕྲིན་གཏོང་སྤྲོད་དེ་ཀྲུང་གོའི་ཡུལ་སྐོར་བའི་རྐང་རྗེས་དང་སྦྲགས་ཏེ་ཐེ་ལན་གྱི་ས་ཆ་ཚང་མར་ཁྱབ་ནས་སྤྱོད་མཁན་ལ“དངུལ་ཁུག་མེད་པར་འཛམ་གླིང་སྐོར་བའི”འཛད་སྤྱོད་མྱོང་བ་མཁོ་འདོན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། སྐད་འཕྲིན་གཏོང་སྤྲོད་ཀྱི་ས་ཁོངས་ལས་བརྒལ་བའི་ལས་སྒོས་ཨེ་ཤེ་ཡ་ཤར་ལྷོ་སོགས་ཉེ་འགྲམ་གྱི་ཡུལ་སྐོར་དམིགས་སའི་རྒྱལ་ཁབ་སྔོན་ལ་ལག་ལེན་བསྟར་ཡུལ་དུ་བྱས་ཏེ་རིམ་བཞིན་གོ་ལ་ཧྲིལ་པོར་ཁྱབ་གདལ་གཏོང་རྒྱུ་ཡིན་ཞིང་། མིག་སྔར་སྐད་འཕྲིན་གཏོང་སྤྲོད་དེ་རྒྱལ་ཁབ་དང་ས་ཁུལ་12ལ་ཤར་གཏོང་ཐུབ་པ་དང་དངུལ་ལོར་རིགས་11ཐད་ཀར་སྤྱོད་རྒྱུར་རྒྱབ་སྐྱོར་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།