འཚོལ་བཤེར།   
藏文频道
2017ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་ལེགས་ཆ་མངོན་པར་བྱེད་དགོས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 05ཚེས་07ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           ཀྲུང་གོ་དང་ཀེ་རི་སེས་སྤེལ་བའི“གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས”ཉེ་ཆར་ཀེ་རི་སེའི་རྒྱལ་ས་ཨ་ཐེན་སི་རུ་འཚོགས་ཤིང་། ཀྲུང་གོ་དང་ཀེ་རི་སེ་ཚུད་པའི་གནའ་བོའི་ཤེས་དཔལ་རྒྱལ་ཁབ་བཅུ་མཉམ་དུ་འཛོམས་ཏེ་མིའི་རིགས་ཀྱི་གནའ་བོའི་ཤེས་དཔལ་གྱིས་དེང་གི་འཛམ་གླིང་ལ་བློ་སྒོ་གང་ཕྱེ་མིན་ཐད་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
          བརྗིད་ཆགས་ལྡན་པའི་ཀེ་རི་སེའི་ཝུའེ་ཁྲེང་གནའ་ཤུལ་དུ“གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས”ཀྱིས་གནའ་བོའི་རྒྱལ་ཁབ་བཅུ་པོ་དམ་པོར་སྦྲེལ་ནས་ཡོད་ལ། ཁོང་ཚོས་མིའི་རིགས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ལ་ཤུགས་རྐྱེན་ཐེབས་པའི་གནའ་རབས་ཀྱི་ཤེས་དཔལ་རིགས་བཅུ་མཚོན་པར་བྱས་ཡོད། གླེང་སྟེགས་ཐོག་རིག་གནས་སྤེལ་རེས་དང་། མཉམ་འདྲེས། བསམ་ཤེས་ལ་སྐུལ་འདེད། གླེང་མོ་དང་མཉམ་ལས་བཅས་དང་དེ་བཞིན་མནའ་བོའི་ཤེས་དཔལ་གྱི་བློ་གྲོས་སྔོག་འདོན་བྱས་ཏེ་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་དང་བརྟན་ལྷིང་ལ་སྐུལ་འདེད་གཏོང་ཆེད་སྒུལ་ཤུགས་གསར་པ་བསྣན་པ་མ་ཟད། དེང་གི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ཐག་གཅོད་ལ་བསམ་ཕྱོགས་གསར་པ་མཁོ་འདོན་བྱས་ཡོད།
          “གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས”ཀྱིས་ཚོགས་འདུར་ཞུགས་མཁན་རྒྱལ་ཁབ་ཁག་གི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། རྒྱལ་ཁབ་གཅིག་ཡུན་རིང་མངའ་ཐང་སྟོབས་འབྱོར་ལྡན་པ་ཞིག་ཡོང་དགོས་ན། ཤེས་དཔལ་ཟབ་པའི་འདེགས་སྐྱོར་ཡོད་དགོས། མིག་སྔར་གླེང་སྟེགས་ལ་ཞུགས་མཁན་རྒྱལ་ཁབ་བཅུ་པོར་འཕེལ་རྒྱས་ཀྱི་ལས་འགན་འཕྲད་ཡོད། གནའ་བོའི་ཤེས་དཔལ་གྱི་ཉིང་བཅུད་ཇི་ལྟར་ལེན་དགོས་སམ། གནའ་བོའི་བློ་གྲོས་དེང་གི་རྒྱལ་སྲིད་སྐྱོང་ལུགས་དང་དེ་བཞིན་ཕྱི་ཕྱོགས་འགྲོ་འོང་གི་བླང་བྱ་གསར་པ་དང་ཟུང་འབྲེལ་ནུས་ལྡན་བྱ་རྒྱུ་ཡང་རྒྱལ་ཁབ་ཁག་ལ་འཕྲད་པའི་ཐུན་མོང་གི་གནད་དོན་རེད།
          དེང་གི་ཀྲུང་གོས་གསར་གཏོད་རང་བཞིན་གྱི་སྒོ་ནས་མཁྱེན་རྒྱ་ཡངས་པའི་ཀྲུང་ཧྭའི་ཤེས་དཔལ་རྒྱུན་འཛིན་བྱས་པར་བརྟེན་དམངས་རྩ་བར་འཛིན་པ་དང་། སྤྱོད་བཟང་ལ་བརྟེན་ནས་སྲིད་སྐྱོང་བྱེད་པ། འཆམ་མཐུན་རྩ་བར་བརྩི་བ། མཐུན་ལ་མི་འདྲ་བ་སོགས་ཀྱི་ནང་སྲིད་ཕྱི་འབྲེལ་གྱི་འདུ་ཤེས་ཤིག་ཆགས་པ་དེས་དེང་གི་ཀྲུང་གོའི་འཕེལ་རྒྱས་ལ་སྐུལ་མ་ཐེབས་ཡོད།
         “གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས”ཀྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་སླར་གསོ་འགོར་བ་དང་། གླེང་མང་བའི་གནད་དོན་ཡང་ཡང་ཐོན་པ། འཇིགས་སྐུལ་རིང་ལུགས་ཀྱི་བརྙས་བཅོས་སོགས་ཀྱི་ཐུན་མོང་གི་དཀའ་གནད་འཕྲད་ཡོད། འོན་ཀྱང་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་གནའ་བོའི་ཤེས་དཔལ་གྱི་ཕུན་སུམ་ཚོགས་པའི་མཚན་ཉིད་རིག་པའི་བསམ་བློ་དང་། ཧ་ཅང་གཏིང་ཟབ་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྙིང་སྟོབས། བླ་ན་མེད་པའི་ཀུན་སྤྱོད་ཀྱི་འདུ་ཤེས་བཅས་ཡོད། འབྲེལ་བ་ལེགས་སུ་གཏོང་བ་དང་མིག་སྔ་དང་འབྱུང་འགྱུར་འཛམ་གླིང་གིས་འགྲན་སློང་གསར་པར་ཁ་བཏད་གཅོག་པར་ཕན་པ་ཐོན་ཐུབ།
          གནའ་བོའི་ཀེ་རི་སེའི་ཤེས་དཔལ་ལ་དཔེ་བཞག་ན། གནའ་བོའི་ཀེ་རི་སེ་བར་བསྟུན་མཁས་དང་། སྤྲོ་སྣང་། ཡར་བརྩོན་བཅས་ཀྱི་སྙིང་སྟོབས་དང་མཐུན་སྒྲིལ་དང་། བསམ་ཤེས། དཔའ་ངར་བཅས་ཀྱི་གཤིས་རྒྱུད་ལྡན་པས་དེང་སྐབས་བུ་ལོན་གྱི་ཉམས་ཉེན་དང་ཡུལ་གྱར་བའི་ཉམས་ཉེན་ཉིས་བརྩེགས་འཕྲད་པའི་ཡོ་རོབ་ལ་ངར་སེམས་བློ་སྒོ་འབྱེད་ཐུབ། མིག་སྔར་འཛམ་གླིང་དུ་ཐོན་པའི་གནད་དོན་སྣ་ཚོགས་ཀྱིས་འཛམ་གླིང་སྐྱེ་བོ་ཀུན་ལ་གཞན་ཕྱིར་འབུད་བྱེད་པའི་བསམ་བློ་དང་། སྲུང་སྐྱོང་རིང་ལུགས། བཙན་དབང་རིང་ལུགས་སོགས་གདུང་ཐུག་ཐོན་པའི་བསམ་བློ་དེ་དག་དོར་ནས་འཛམ་གླིང་གི་གནའ་བོའི་ཤེས་དཔལ་གྱི་ཞི་མཐུན་དང་། མཉམ་འཚོ། བསྟུན་མཁས་བཅས་ཀྱི་ཕུལ་བྱུང་སྙིང་སྟོབས་དེ་དག་ལ་གཙིགས་ཆེན་བྱེད་དགོས་པ་བསྟན་ཡོད།
         “གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས”ཀྱིས་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་ལ་ཐབས་ལམ་གསར་པ་གཏོད་དགོས། ཤེས་དཔལ་ཐད་སྤེལ་རེས་བྱས་ཚེ་དེ་བས་ངོ་མཚར་ལྡན་ངེས་དང། ཕན་ཚུན་མིག་དཔེ་ལྟ་རེས་བྱས་ཚེ་དེ་བས་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ། མིའི་རིགས་ཀྱི་ཤེས་དཔལ་ལོ་རྒྱུས་ནི་སྣེ་མང་ཤེས་དཔལ་མཉམ་དུ་མདུན་སྐྱོད་བྱེད་པའི་ལོ་རྒྱུས་ཤིག་ཡིན་པ་དང་ཤེས་དཔལ་ཁག་སྤེལ་རེས་དང་ཕན་ཚུན་མིག་དཔེ་ལྟ་རེས་ལས་ཐུན་མོང་ཐོག་མིའི་རིགས་ཀྱི་ཡར་རྒྱས་ལ་སྐུལ་མ་གཏོང་ཐུབ། མིའི་རིགས་ཀྱི་ཤེས་དཔལ་དེ་བས་གྲ་རྒྱས་ཕུན་སུམ་ཚོགས་པ་ཞིག་ཡོང་དགོས་ན། “ཤེས་དཔལ་གྱི་འགལ་རྐྱེན་གླེང་བ”ཞེས་པ་སོགས་ཀྱི་བཀག་རྡོ་ལས་བསྒྲལ་ཏེ་ཤེས་དཔལ་སྣ་ཚོགས་དེ་བས་གཏིང་ཟབ་ཀྱི་སྒོ་ནས་མཉམ་འདྲེས་བྱེད་དགོས།
         “གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས”ལས“མིའི་རིགས་ཀྱི་ཤེས་དཔལ་དབར་ཕན་ཚུན་མིག་དཔེ་ལྟ་རེས་དང་ལག་གདང་སྦྲེལ་ནས་མདུད་སྐྱོད་བྱེད་པའི”ཆ་འཕྲིན་བརྒྱུད་བསྒྲགས་བྱེད་པ་དང་ཀྲུང་གོས་བཏོན་པའི་གླེང་མོ་གྲོས་མོལ་དང་། མཉམ་སྐྲུན་མཉམ་སྤྱོད། མཉམ་ལས་གཉིས་ཁེ། སྤེལ་རེས་དང་ཕན་ཚུན་ལྟ་རེས། ཐཱན་ཉུང་ལྗང་མདོག་བཅས་མཐའ་འཁྱོངས་བྱས་ཏེ་ཐུན་མོང་ཐོག“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ”ཀྱི་འདུ་ཤེས་འཛུགས་པ་དང་ཟུང་འབྲེལ་བྱེད་དགོས། རྒྱལ་ཁབ་ཁག་གིས་བཏོན་པའི“གནའ་བོའི་ཤེས་དཔལ་གྱི་བློ་གྲོས་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་འགྱུར་བའི”འབོད་སྒྲ་ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་མ་གྲོས་གཅིག་མཐུན་བྱུང་ཡོད།
          ད་ཐེངས་ཀྱི“གནའ་བོའི་ཤེས་དཔལ་རྒྱལ་ཁབ་ཀྱི་གླེང་སྟེགས”འཚོག་ཡུལ་དེ་སྐབས་དང་པོའི་དེང་རབས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་གཉེར་ཡུལ་ཡིན་པ་དང་རྒྱལ་ཁབ་ཁག་གི་མི་དམངས་ཚོས་དེ་གར་ལུས་་རྩལ་འགྲན་ནས་སྤེལ་རེས་བྱས་ཏེ་མཛའ་གྲོགས་ཟབ་ཏུ་བཏང་ཡོད། ད་ཆ་གནའ་བོའི་ཤེས་དཔལ་རྒྱལ་ཁབ་དེར་འཛོམས་ནས་ཤེས་དཔལ་ཐད་སྤེལ་རེས་གྲོས་བསྡུར་བྱས་ཏེ་རང་ངོས་དང་དེ་བཞིན་འཛམ་གླིང་ལ་འཕྲད་པའི་འགྲན་སློང་གསར་པར་ལག་གདང་སྦྲེལ་ནས་ཁ་གཏད་བཅག་སྟེ་གནའ་བོའི་ཤེས་དཔལ་གྱི་གསོན་ཤུགས་འཕེལ་བར་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།