འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མིའི་རིགས་ཀྱིས་རྒྱ་མཚོའི་གཏིང་དུའང་སྦགས་བཙོག་བཟོ་བ།

    དབྱིན་ཇིར་བཅའ་སྡོད་འདི་ག་ཚགས་པར་གྱི་གསར་འགོད་པ། ཧོང་ཕེ་ཀྲའོ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་23ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           དེང་རབས་བཟོ་ལས་ཀྱིས་རང་བྱུང་ཁོར་ཡུག་ལ་ཉིན་རེ་ལས་མ་བསྡད་པར་སྦགས་བཙོག་ཚབས་ཆེན་བཟོ་བ་ནི་རྩོད་ཐབས་བྲལ་བའི་དོན་དངོས་ཤིག་ཏུ་གྱུར་ཡོད། འོན་ཏེ་སྦགས་བཙོག་གི་ཁྱབ་རྒྱ་དང་གནོད་འཚེ་བཟོ་ཚད་མི་རྣམས་ཀྱི་བསམ་ཚོད་ལས་རྦད་དེ་བརྒལ་ནས་སའི་གོ་ལའི་རྒྱ་མཚོའི་གཏིང་དུའང་ཁྱབ་ཡོད།
           དབྱིན་ཇིའི་《ཉིན་རེའི་སྦྲག་སྲིད་ཚགས་པར་》སོགས་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་ཨ་པོ་ཏིང་སློབ་ཆེན་དང་། ཉིའུ་ཁ་སིར་སློབ་ཆེན། ཀྲན་མུ་སི་ཧོ་ཏུན་ཞིབ་འཇུག་ཁང་བཅས་ལས་གྲུབ་པའི་དབྱིན་ཇིའི་ཚན་ཞིབ་ཚོགས་ཆུང་གིས་ཁྱབ་བསྒྲགས་བྱས་པའི་བརྟག་དཔྱད་བྱས་འབྲས་ལས་མངོན་དོན། ཞི་བདེ་རྒྱ་མཚོ་ཆེ་མོའི་མ་ལི་ཡ་ན་དང་ཧོ་མ་ཏེ་ཁེའི་མཚོ་ཤུར་ནས་བླངས་པའི་རུས་སྐོགས་ཅན་གྱི་སྲོག་ཆགས་རིགས་ཀྱི་ཚིལ་ལུ་ནས་འདུས་ཚད་མཐོ་བའི་སྐྱེ་ལྡན་སྦགས་བཙོག་དངོས་པོ་ཞིབ་དཔྱད་ཚད་ལེན་ཐུབ་པ་རེད།
          དབྱིན་ཇིའི་《རང་བྱུང·སྣོད་བཅུད་རིག་པ་དང་འཕེལ་འགྱུར་སྨྲ་བ་》ཞེས་པའི་དུས་དེབ་ཐོག་བཀོད་པའི་ཞིབ་འཇུག་སྙན་ཞུའི་ཐོག་བཏོན་དོན། བཟོ་ལས་ཁུལ་དང་ས་ཐག་སྤྱི་ལེ་7000ཙམ་ཆོད་པ་དང་གཏིང་ཚད་སྤྱི་ལེ་10ཙམ་ཡོད་པའི་མཚོ་ཤུར་ནས་འདུས་ཚད་མཐོ་བའི་སྦགས་བཙོག་དངོས་པོ་ཤེས་རྟོགས་ཐུབ་པ་ལས“མིའི་རིགས་ཀྱི་འགུལ་སྐྱོད་ལས་ཐོན་པའི་སྦགས་བཙོག་དག་སའི་གོ་ལའི‘ཐག་རིང་ཤོས་སུའང’ཁྱབ་པ”མཚོན་ཐུབ། སྙན་ཞུ་དེ་རྩོམ་མཁན་གྲས་ཤིག་ཡིན་པའི་ཉིའུ་སིར་སློབ་ཆེན་གྱི་མཁས་དབང་ཅ་སྨི་སེན་གྱིས“སྔར་ནས་ད་བར་མི་མང་པོ་ཞིག་གིས་རྒྱ་མཚོའི་གཏིང་རིང་ས་ནི་མིའི་རིགས་ཀྱི་ཤུགས་རྐྱེན་དང་སྦགས་བཙོག་མི་ཕོག་པའི་གདོད་མའི་དག་ཞིང་ལྟ་བུ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། འོན་ཀྱང་ཞིབ་འཇུག་གསར་ཤོས་ལས་མངོན་པ་ལྟར་ན་དེ་ལྟར་མིན་པར་མིག་སྔར་སྦགས་བཙོག་ཐེབས་ཚད་དེས་ཁྱབ་རྒྱ་དེ་བས་ཆེ་བའི་སྣོད་བཅུད་མ་ལག་ལ་ཤུགས་རྐྱེན་ཐེབས་ཚད་སྔར་བཞིན་ཤེས་ཀྱི་མེད་པས་འབྱུང་འགྱུར་དེའི་ཐད་སྔར་བས་ཞིབ་འཇུག་བྱེད་དགོས”ཞེས་བཤད།
         དབྱིན་ཇིའི་སྨྱན་སྦྱོར་ཐོག་གནས་ཚུལ་སྤེལ་དོན། དུས་རབས་གོང་མའི་ལོ་རབས་30པར་ཁིལ་མང་སྦྲེལ་པུན་གྱི་གཞི་ཁྱོན་ཆེ་བའི་ཚོང་ལས་ཅན་གྱི་ཐོན་སྐྱེད་ནས་ལོ་རབས་བདུན་ཅུ་པར་གཏན་འགོག་བྱས་པའི་བར་དེའི་རིགས་ཀྱི་འདྲེས་སྦྱོར་དངོས་རྫས་ཀྱི་གོ་ལ་ཧྲིལ་པོའི་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་130ཙམ་ཡིན་པ་དེའི་ཁྲོད་ཀྱི་ཆ་ཤས་ཁག་གཅིག་བཟོ་ལས་ཀྱི་ལས་འཛོལ་དང་། བཙོག་འབུད། གད་སྙིགས་སྦས་རྗེས་བཙོག་དངོས་འཛག་པ་སོགས་ལས་ཁོར་ཡུག་ལ་ཁྱབ་ཀྱི་ཡོད། རང་བྱུང་གནོད་མེད་དངོས་པོར་འགྱུར་དཀའ་བས་དེའི་རིགས་ཀྱི་གནོད་ལྡན་འདྲེས་སྦྱོར་དངོས་རྫས་ཡུན་རིང་ཁོར་ཡུག་གི་ཁྲོད་དུ་གནས་ཀྱི་ཡོད།
         གྲོང་ཁྱེར་དང་ས་ཁུལ་གྱི་སྦགས་བཙོག་རླུང་ཁམས་ཆེན་པོ་དང་མཚོ་རྒྱུན་ལ་བརྟེན་ནས་གང་སར་ཁྱབ་ཀྱི་ཡོད། ཞིབ་འཇུག་ཚོགས་ཆུང་གིས“སྐྱེ་དངོས་མཁོ་འཇོག་སྙིགས་འདོན་གྱི་སྣང་ཚུལ་ཐོན་སྲིད་པའི”ངོས་འཛིན་བྱེད་ཀྱི་ཡོད་པ་སྟེ། ཟ་རིགས་ཕྲེང་བའི་ཆོས་ཉིད་ལྟར་གནོད་ལྡན་དངོས་པོ་དག་སྐྱེ་དངོས་ཀྱི་ལུས་ཕུང་པོའི་འདུས་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་བཞིན་ཡོད།
          “མིའི་རིགས་ཀྱི་འགུལ་སྐྱོད་ལས་བྱུང་བའི་སྦགས་བཙོག་གིས་གོ་ལ་ཧྲིལ་པོའི་རྒྱ་མཚོར་ཤུགས་རྐྱེན་ཕོག་གི་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད”ཅེས་སྙན་ཞུ་དེར་ཐ་ཚིག་བསྒྲགས་ཡོད། སྙན་ཞུ་དང་འབྲེལ་བའི་གསར་འགྱུར་དང་དཔྱད་གཏམ་རྩོམ་ཡིག་ཏུ་ཨོ་སི་ཁྲུ་ལི་ཡའི་ཤིན་ནན་ཝེར་ཧྲེ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ཏ་ཧྥུའུ་ལུང་གིས“ཚོགས་པ་དེས་དཔང་རྟགས་གསལ་པོས་ར་སྤྲོད་བྱས་པ་སྟེ། རྒྱ་མཚོའི་གཏིང་རིང་ས་ནི་དོན་ངོ་མའི་ཐག་རིང་མ་ཡིན་པར་ས་ངོས་ཀྱི་ཆུ་བོ་དང་སྦྲེལ་ནས་ཡོད་པས། ད་ཆ་མིའི་རིགས་ལས་བྱུང་བའི་སྦགས་བཙོག་དངོས་པོ་འབོར་ཆེན་ལ་མངོན་གྱི་ཡོད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།