འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།བྱང་ཁོ་རེ་ཡས་ཨ་རིར་དཔའ་མེད་ཀེར་འཆལ་མ་བྱེད་ཅེས་ཐ་ཚིག་བསྒྲགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་14ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་13ཉིན། བྱང་ཁོ་རེ་ཡའི་ཀྲུང་དབྱང་གསར་འགྱུར་ཁང་གིས་སྤེལ་བའི་གནས་འཕྲིན་ལྟར་ན། བྱང་ཁོ་རེ་ཡའི་ཕྱི་དོན་ཞིང་ཆེན་གྱིས་ཨ་མེ་རི་ཁར་དཔའ་མེད་ཀེར་འཆལ་མ་བྱེད་ཅེས་དང་། གལ་སྲིད་ཀེར་འཆལ་བྱས་ན་བྱང་ཁོ་རེ་ཡ་རྣམ་པའི་འཁོན་སློག་རྡུང་རྡེག་བྱེད་ངེས་ཡིན་ཞེས་ཐ་ཚིག་བསྒྲགས་པ་རེད།
         བྱང་ཁོ་རེ་ཡའི་ཕྱི་དོན་ཞིང་ཆེན་གྱི་དམག་དཔུང་ཉུང་འཕྲི་དང་ཞི་བདེ་ཞིབ་འཇུག་ཁང་གི་མགྲིན་ཚབ་པས་ཉིན་དེར་གཏམ་བཤད་སྤེལ་ཏེ་གལ་སྲིད་ཨ་རི་ཕྱོགས་ཀྱིས་དཔའ་མེད་ཀེར་འཆལ་བྱས་ཚེ། བྱང་ཁོ་རེ་ཡས་བྱང་ཁོ་རེ་ཡའི་རྣམ་པའི་འཁོན་སློག་རྡུང་རྡེག་བྱེད་ངེས་ཡིན། དགྲ་ཕྱོགས་སྟོབས་ཤུགས་ཀྱི་མགོ་ཐོག་ཏུ"ཉིང་རྡུལ་གློག་དམར་དང་ཆད་གཅོད་ཀྱི་གློག་འོད"འབབ་ཏུ་བཅུག་སྟེ"དམག་འཁྲུག་དངོས་ཀྱི་བྲོ་བ"མྱོང་དུ་འཇུག་རྒྱུ་ཡིན་ཞེས་ཐ་ཚིག་བསྒྲགས་པ་རེད།
         མགྲིན་ཚབ་པས་དེ་སྔོན་ལྷོ་ཁོ་རེ་ཡ་ཕྱོགས་ནས་འཕེན་ཚད་སྤྱི་ལེ་800ཟིན་པའི་འཕུར་མདའ་ཞིག་འཕངས་པ་མ་ཟད། དམག་འཁྲུག་དངོས་ཀྱི་ཁྲོད་དུ་མཚོན་ཆ་འདི་ཉིད་བཀོལ་ཏེ་བྱང་ཁོ་རེ་ཡའི་འགོ་ཁྲིད་སྡེ་ཁག་ཚར་གཅོད་བྱེད་རྒྱུ་ཡིན་ལུགས་འཛེམས་མེད་བརྗོད་པར་ཨ་མེ་རི་ཁས་མོས་ཚུལ་བསྟན་ཡོད་པ་རེད། ཨ་རིས་རང་ཉིད་ཀྱི་མནའ་གྲོགས་རྒྱལ་ཁབ་ཀྱི་འཕུར་མདའམ་གསང་མྱུལ་སྲུང་སྐར་འཕངས་པའི་བྱ་སྤྱོད་ལ་གང་ཡང་མ་གླེང་བར། རང་དབང་རྒྱལ་ཁབ་ཀྱི་ཐོག་ལ་མིང་སྣ་ཚོགས་སྦྱར་ཏེ་སྐྱོན་བརྗོད་བྱེད་པ་དང་། ཐ་ན་འཕུར་མདས་ཚུལ་རྒོལ་ཡང་བྱེད་གྲབས་འདུག ངེད་བྱང་ཁོ་རེ་ཡ་ཕྱོགས་ཀྱིས་ཨ་རིའི་དྲང་བཞག་མིན་པའི་ཚད་ཐིག་གཉིས་ལྡན་གྱི་བཙན་འཛུལ་བྱ་སྤྱོད་འདི་འདྲར་བཟོད་སྒོམ་མི་བྱེད་ཅེས་བསྟན་པ་རེད།
          མགྲིན་ཚབ་པས་ད་ལྟའི་གནས་བབ་ནི་གཞན་གྱིས་ཞི་བདེ་ཁྱེར་ཡོང་རྒྱུར་སྒུག་ཐབས་མི་འདུག ངེས་པར་དུ་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཞི་བདེ་སྲུང་སྐྱོང་བྱེད་དགོས་པ་རེད། ལོ་རྒྱུས་ཀྱི་བདེན་དོན་འདི་ཉིད་ནམ་ཡང་སེམས་སུ་ཉར་དགོས་པ་རེད། གནས་བབ་ལ་གཞིགས་ན། བྱང་ཁོ་རེ་ཡས་སེམས་ཐག་རྦད་བཅད་ཀྱིས་ཉིང་རྡུལ་མཚོན་ཆ་ཤུགས་ཆེའི་ངང་ཇེ་དྲག་ཏུ་གཏོང་བའི་འདེམས་ག་ནི་དོན་དག་འཕྲུལ་བྲལ་ཞིག་རེད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།