འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།དེང་རབས་ཀྱི་བོད་སྨན་སྨན་སྦྱོར་ལས་གྲྭའི་ཚོད་ལྟ་ཁང་ལྷ་སར་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་14ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། 2014ལོའི་ཟླ་9པ་ནས་བཟུང་ལོ་གསུམ་རིང་གྲ་སྒྲིག་དང་འཛུགས་སྐྲུན་བྱས་པ་དང་། བོད་ལྗོངས་གཙང་ནོར་སྨན་ལས་མ་རྐང་ཚད་ཡོད་ཀུང་སི་དང་། བོད་ལྗོངས་གཙང་ནོར་དྲ་རྒྱ་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སི། བོད་ལྗོངས་སློབ་ཆེན་གསོ་རིག་སློབ་གླིང་བཅས་ཀྱིས་མཉམ་དུ་བསྐྲུན་པའི་བོད་རང་སྐྱོང་ལྗོངས་ཀྱི་དེང་རབས་བོད་སྨན་སྨན་སྦྱོར་ལས་གྲྭའི་ཚོད་ལྟ་ཁང་ཉེ་ཆར་ལྷ་སར་དངོས་སུ་བཙུགས་པ་རེད།
         ཉེ་བའི་ལོ་ཤས་རིང་། བོད་ཀྱི་གསོ་རིག་རིམ་གྱིས་མི་མང་པོར་རྒྱུས་མངའ་བྱུང་ནའང་། བོད་སྨན་ཐོན་ལས་ཅན་དུ་འགྱུར་བའི་བརྒྱུད་རིམ་ནང་ཐོན་སྐྱེད་ཚད་གཞི་ཅན་དང་། བཟོ་རྩལ་དེང་རབས་ཅན། གསོ་བཅོས་ཐད་ཀྱི་ར་སྤྲོད་བསྐྱར་མ་བཅས་ནི་དེང་གི་བོད་སྨན་ཐོན་ལས་ལ་མཚོན་ན་ལེགས་གྲུབ་བྱེད་དགོས་པའི་ཚད་གཞི་ཞིག་ཅི་ལ་མིན། བོད་སྨན་ཐོན་ལས་དེང་རབས་ཅན་དུ་འགྱུར་བའི་དགོས་མཁོ་ཆེན་པོའི་འོག བོད་རང་སྐྱོང་ལྗོངས་ཀྱི་དེང་རབས་བོད་སྨན་སྨན་སྦྱོར་ལས་གྲྭའི་ཚོད་ལྟ་ཁང་བསྐྲུན་པ་དེས་སྲོལ་རྒྱུན་གྱི་བོད་སྨན་དང་དེང་རབས་ཚན་རྩལ་ཟུང་འབྲེལ་ཡག་པོ་བྱས་པའི་མདུན་གྲལ་གྱི་རྟེན་གཞིར་གྱུར་ནས་བོད་སྨན་ས་མཐོ་ནས་འཛམ་གླིང་དུ་དར་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཡོད། དེ་དང་ཆབས་ཅིག་དེང་རབས་ཀྱི་བོད་སྨན་སྨན་སྦྱོར་ལག་རྩལ་སྤེལ་རེས་ལས་སྟེགས་གསར་པ་བསྐྲུན་པ་མ་ཟད། དེང་རབས་ཀྱི་བོད་སྨན་སྨན་སྦྱོར་ལག་རྩལ་གོང་འཕེལ་མྱུར་པོ་འགྲོ་རྒྱུར་སྒུལ་ཤུགས་གསར་པའང་བསྣན་ཡོད་པ་རེད།
         ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཀྱི་དེང་རབས་བོད་སྨན་སྨན་སྦྱོར་ལས་གྲྭའི་ཚོད་ལྟ་ཁང་དེ་རང་སྐྱོང་ལྗོངས་རིམ་པའི་དཔེ་སྟོན་ལས་གྲྭའི་ཚོད་ལྟ་ཁང་ཡིན་པ་དང་དེའི་གཤམ་དུ་འཕེལ་རྒྱས་འཆར་འགོད་ལྟེ་གནས་དང་། ལག་རྩལ་ཞིབ་སྤེལ་པུའུ། ཚད་ལེན་ཚོད་ལྟའི་ལྟེ་གནས་བཅས་སྡེ་ཚན་3བཙུགས་ཏེ་བོད་ལུགས་གསོ་རིག་དང་། བོད་སྨན་སྡེབ་སྦྱོར་རིག་པ། སྨན་རྫས་རིག་པ། སྐྱེ་དངོས་རིག་པ་སོགས་འབྲེལ་ཡོད་ཆེད་ལས་ཀྱི་ཤེས་ལྡན་པ་ཕུལ་བྱུང་ཁག་གཅིག་འདུས་ཡོད་ཅིང་། ཞིབ་འཇུག་མི་སྣ་ཁྱོན་32ཡོད་པའི་ནང་ཆེད་འགན་ཁུར་བའི་ཞིབ་འཇུག་མི་སྣ་25ཡོད་པས་ལག་རྩལ་གྱི་སྟོབས་ཤུགས་ཆེ་བ་དང་ཞིབ་འཇུག་གི་གཞི་ཁྱོན་ཆེན་པོ་མེད་ཅེས་བརྗོད་ཆོག
         ཚོད་ལྟ་ཁང་དེའི་ངེས་གནས་ནི་ཞིབ་འཇུག་གསར་སྤེལ་བྱ་རྒྱུ་ཡིན་ནའང་དུས་མཚུངས་སུ་གཞིས་རྩེར་ཡང་སོ་སོའི་ཐོན་སྐྱེད་རྟེན་གཞི་ཡོད། རྟེན་གཞི་དེས་སྨན་གྱི་རིལ་བུ་ཁོ་ན་བཟོ་བཞིན་ཡོད་པ་དང་ལོར་ཆ་སྙོམས་རིལ་བུ་དུང་ཕྱུར་3.5བཟོ་ཐུབ་ཀྱི་ཡོད། དེ་དག་གཙོ་བོར་ཀླད་སྙིང་ཁྲག་རྩ་དང་། གྲུམ་བུའི་ནད། ཕོ་རྒྱུའི་ན་ཚ་བཅས་ནད་རིགས་ཆེན་པོ་གསུམ་དང་འབྲེལ་བའི་བོད་སྨན་ཐོན་རྫས་སྣ་ཁ་15བཟོ་གི་ཡོད་ཅིང་། སྔོན་དཔག་ལྟར་ན་ད་ལོར་ལོའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་ཁྲི་6000ཟིན་རྒྱུ་ཡིན་པ་རེད།
         ཞིབ་སྤེལ་དང་ཐོན་སྐྱེད་ཕུད་གཞན་ཡང་ཚོད་ལྟ་ཁང་དེར་ད་དུང་སློབ་མ་30ནས་40བར་གྱི་སློབ་སྦྱོང་བྱེད་ས་ཡོད་པ་མ་ཟད། རིགས་གཅིག་མཁས་ཅན་གྱིས་ཁོང་ཚོར་སློབ་ཚན་ཁྲིད་ཀྱི་ཡོད་པས་མཐོ་སློབ་སློབ་མར་ཚོད་ལྟ་དངོས་སྦྱོང་གི་ལས་སྟེགས་མཁོ་འདོན་བྱེད་ཐུབ་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།