འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“ཕུབ་དམར་ཞིང་སྲུང”གི་བྱ་སྤྱོད་སྤེལ་ནས་ཞིང་པར་མགོ་སྐོར་གཏོང་བ་
    དང་ཞིང་ལས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་ལ་ཞིབ་གཅོད་ནན་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཉེ་སྔོན། བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ནས་ཤེས་རྟོགས་བྱས་པར། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་དང་སྤུས་ཞན་བཙོངས་ནས་ཞིང་པར་མགོ་སྐོར་གཏོང་བ་དང་ཞིང་ལས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་ནས་ཞིང་འབྲོག་ལས་ཐོན་སྐྱེད་བདེ་འཇགས་ཡོང་ཆེད། ཟླ་4པ་ནས་ཟླ་9པའི་ཟླ་མཇུག་བར་བཟོ་ཚོང་སྡེ་ཚན་གྱིས“ཕུབ་དམར་ཞིང་སྲུང”གི་ཆེད་དོན་བྱ་སྤྱོད་གཏིང་ཟབ་སྤེལ་ཏེ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཁྲོམ་རར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་དང་སྤུས་ཞན་བཟོ་ཚོང་བྱས་ནས་ཞིང་པར་མགོ་སྐོར་གཏོང་བ་དང་ཞིང་ལས་ལ་གནོད་འཚེ་བཟོ་བའི་བྱེད་སྤྱོད་ལ་ཞིབ་གཅོད་ནན་པོ་བྱེད་པ། ཞིང་འབྲོག་པའི་ཁེ་ཕན་ལ་གནོད་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་པ་བཅས་བྱས་ནས་རྒྱ་ཆེའི་ཞིང་པ་དང་གཉེར་སྐྱོང་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན་པ་རེད།
           ཉེ་དུས། བོད་རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱིས་གྲོང་ཁྱེར་(ས་ཁུལ)ཁག་གི་བཟོ་ཚོང་ཅུས་ལ་2017ལོའི“ཕུབ་དམར་ཞིང་སྲུང”གི་ཆེད་དོན་བྱ་སྤྱོད་ཀྱི་འབྲེལ་ཡོད་དོན་ཚན་བརྡ་ཐོ་པར་འགྲེམས་བྱས་པ་དང་གྲངས་གཞི་ཆེ་མོ་དང་དྲ་སྦྲེལ་སོགས་དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་བེད་སྤྱོད་གང་ལེགས་བཏང་ནས་ལྟ་སྐུལ་དོ་དམ་གྱི་ཕན་ནུས་ཆེ་རུ་བཏང་བ་རེད། རང་སྐྱོང་ལྗོངས་བཟོ་ཚོང་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཁོངས་གཏོགས་ཁུལ་གྱི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་གཉེར་སྐྱོང་བྱེད་པོའི་གཞི་རྩའི་གནས་ཚུལ་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པ་བྱས་ཏེ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ལྟ་སྐུལ་དོ་དམ་རྩིས་ཐོ་འཐུས་སྒོ་ཚང་དུ་བཏང་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་གཉེར་སྐྱོང་བྱེད་པོའི་གདིང་གཞི་ཁ་གསལ་དང་། གནས་ཚུལ་གསལ་པོ། གྲངས་གཞི་ཁུངས་བཙན་བཅས་ཡོང་བ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
           འགན་འཁུར་བ་དེས་བཟོ་ཚོང་སྡེ་ཚན་གྱིས་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གནོད་ཆེའི་གྱོད་གཞི་ཆེ་གྲས་དུས་ཐོག་ཏུ་ཞིབ་གཅོད་བྱེད་པ། དཔེ་མཚོན་གྱོད་གཞི་ཁག་གཅིག་དམར་རྗེན་དུ་འདོན་པ་བཅས་བྱས་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་རྫུན་མ་དང་སྤུས་ཞན་བཟོ་འཚོང་བྱེད་པའི་ཁྲིམས་འགལ་བྱེད་སྤྱོད་ལ་རྒྱུན་མཐུད་ངང་རྡུག་རྡེག་གཏོང་བའི་དམ་བསྒྲགས་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་རེད། དེ་དང་ཆབས་ཅིག་ཞུ་གཏུག་འཐེར་འདོན་མང་བ་དང་། སྨྱན་སྦྱོར་ཐོག་བསྟན་མང་བའི་ཚད་གཞི་མ་ལོན་པའི་ཞིང་ལས་རྒྱུ་ཆའི་ཚོང་ཟོག་གཙོ་གནད་དུ་བརྩིས་ཏེ་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་ཐོན་རྫས་ཀྱི་སྤུས་ཚད་ལ་འཐེན་བཤེར་ལས་དོན་སྤེལ་རྒྱུ་རེད། འཐེན་བཤེར་གྲུབ་འབྲས་ཀྱི་བསྡོམས་རྩིས་དང་། དབྱེ་ཞིབ། ཕྱོགས་བསྡུས་བེད་སྤྱོད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ཚད་གཞི་མ་ལོན་པའི་ཞིང་ལས་ཐོན་སྐྱེད་རྒྱུ་ཆ་དུས་ཐོག་ཏུ་མེད་པ་བཟོ་བ་དང་། འཐེན་བཤེར་གྲུབ་འབྲས་ཡོངས་བསྒྲགས་བྱེད་པ། འཛད་སྤྱོད་པར་དྲན་སྐུལ་དང་ཉེན་བརྡ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ཞིང་འབྲོག་པས་ཁྲིམས་མཐུན་དང་ཡོངས་ཁུངས་ཚད་ལྡན་ཐོག་ནས་ཞིང་ལས་རྒྱུ་ཆའི་ཚོང་ཟོག་ཉོ་རྒྱུར་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།
          འགན་འཁུར་བ་དེས་འདི་ལོ་ད་དུང་12315དྲ་རྒྱའི་ལས་སྟེགས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་འབྲོག་པའི་ཁེ་དབང་སྲུང་སྐྱོང་བགྲོད་ལམ་ཤར་གཏོང་ཐུབ་པ་བྱས་ནས་ཞིང་འབྲོག་པའི་ཞུ་གཏུག་དབང་སྲུང་དཀའ་བའི་གནད་དོན་ཐག་གཅོད་ཏན་ཏིག་བྱ་རྒྱུ་དང་། “ཕུབ་དམར་ཞིང་སྲུང”དྲིལ་བསྒྲགས་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ་ཞིང་འབྲོག་པའི་དབང་སྲུང་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་། རྫུན་ཞན་དབྱེ་འབྱེད་ནུས་པ་ཆེ་རུ་གཏོང་རྒྱུ། ཞིང་ལས་ཐོན་སྐྱེད་རྒྱུ་ཆ་གཉེར་སྐྱོང་མཁན་གྱི་ཁྲིམས་སྲུང་ཡིད་རྟོན་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་མ་ཟད་12315དབང་སྲུང་ས་ཚིགས་འཛུགས་སྐྲུན་བྱ་རྒྱུར་སྔར་བས་ཤུགས་སྣོན་རྒྱག་པ་དང་། འཛད་སྤྱོད་དབང་སྲུང་ལས་དོན་སྤེལ་རྒྱ་ཆེ་རུ་གཏོང་བ། དུས་ངེས་ཅན་ནང་གྲོང་གསེབ་ཀྱི་ཐབས་ཕྱོགས་དང་པོར་དབང་སྲུང་གི་ཆེད་དོན་ཁྲིམས་འཛིན་བྱ་སྤྱོད་གཏིང་ཟབ་སྤེལ་བ་བཅས་བྱས་ནས“གང་དུ་འཛད་སྤྱོད་ཡོད་ན་དེར་འཛད་སྤྱོད་དབང་སྲུང་ཡོད་པ”བྱ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།