འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཁམ་ཕུ་ཁྲེའི་ཡི་གེའི་
    པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་ཕ་ནོམ་ཕེན་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་13ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གསར་འགྱུར་གཞུང་དོན་ཁང་དང་། ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་ཅུས། ཁམ་ཕུ་ཁྲེ་རྒྱལ་ལྡན་རྒྱལ་ཁབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་བཅས་ཀྱིས་ཐུན་མོང་ཐོག་གཉེར་བའི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཁམ་ཕུ་ཁྲེའི་ཡི་གེའི་པར་མའི་པར་ཕུད་འགྲེམས་སྤེལ་མཛད་སྒོ་དེ་ཚེས་11ཉིན་ཁམ་ཕུ་ཁྲེའི་རྒྱལ་ས་ཕ་ནོམ་ཕེན་གྱི་དབུ་བཞུགས་བློན་ཆེན་གྱི་ལས་ཤག་ཞི་བདེ་ཐོག་བརྩེགས་ཁང་ཆེན་དུ་གཟབ་རྒྱས་ངང་འཚོགས་པ་རེད། ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་པར་ཕུད་འགྲེམས་སྤེལ་མཛད་སྒོར་ཕེབས་ཡོད་པ་མ་ཟད། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོའི་སྲིད་ཕྱོགས་ལས་རིགས་དང་། རིག་གཞུང་ལས་རིགས། ཁེ་ལས་ལས་རིགས་དང་དེ་བཞིན་སློབ་ཆེན་སློབ་མའི་འཐུས་མི་བཅས་མི་700ཙམ་བྱེད་སྒོར་ཞུགས་ཡོད་པ་རེད།
          ཧུང་སེན་གྱིས་ཤིས་ཚིག་གསུང་སྐབས་ཉེ་བའི་ལོ་ཤས་རིང་ཀྲུའུ་ཞི་ཞི་ཅིན་ཕིང་གི་དབུ་ཁྲིད་འོག་འཛམ་གླིང་ཐོག་གི་དཔལ་འབྱོར་དངོས་ཚན་ཆེ་ཤོས་ཨང་གཉིས་པ་ཡིན་པའི་ཀྲུང་གོས་འཛམ་གླིང་གི་དཔལ་འབྱོར་སླར་གསོ་དང་གོང་འཕེལ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བཞིན་ཡོད། ལྷག་པར་དུ་མིག་སྔར་གཏན་འཁེལ་མེད་པའི་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཁེངས་པའི་རྒྱལ་སྤྱིའི་དུས་བབ་འོག་ཀྲུང་གོས་གོ་ལ་ཧྲིལ་པོ་ཅན་ལ་་ཕྱོགས་རྒྱུའི་གྲོས་འགོ་ཧུར་ཐག་བཏོན་ནས་ཉོ་ཚོང་རང་མོས་ལ་སྐུལ་མ་གཏོང་བ་དང་རྒྱལ་སྤྱིའི་ཐོན་ནུས་མཉམ་ལས་ལ་སྐུལ་མ་བཏང་སྟེ་ས་ཁུལ་དང་འཛམ་གླིང་གི་དབུལ་པོ་ཉུང་གཏོང་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་ཕུལ་ཡོད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་རླབས་ཆེན་གྲོས་འགོ་ལས་འཛམ་གླིང་དང་ལྷག་པར་དུ་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་ཕན་པ་མི་དམན་པ་ཐོན་ཡོད་ཅེས་གསུངས་པ་རེད།
         ཧུང་སེན་གྱིས་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གི་སྲིད་སྐྱོང་གི་འདུ་ཤེས་གལ་ཆེན་གཅིག་སྡུད་བྱས་ཡོད་པ་དེ་ནི་ཀྲུང་གོས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱས་པའི་སྙིང་པོ་འདུས་པ་ཞིག་རེད། ང་མི་སྒེར་ལ་ཀྲུང་གོའི་ཕུགས་འདུན་དང་། རྒྱལ་ཁབ་སྐྱོང་ལུགས། སྒྱུར་བཅོས་ཟབ་གཏོང་། ཁྲིམས་ལྟར་རྒྱལ་སྐྱོང་། རུལ་སུངས་ལ་ངོ་རྒོལ། དེ་བཞིན་ཀྲུང་གོས་ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པ་སོགས་ཐད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱས་བཤད་ལ་བག་ཆགས་གཏིང་ཟབ་མོ་ཡོད་པས་ཁམ་ཕུ་ཁྲེ་སྲིད་གཞུང་གི་དཔོན་རིགས་དང་། མཁས་དབང་། སློབ་མ་བཅས་ཀྱིས་དཔེ་དེབ་འདི་ནན་ཏན་ངང་ཞིབ་ཀློག་བྱས་ནས་དེའི་ཁྲོད་ཀྱི་ཉམས་མྱོང་བསྡུ་ལེན་བྱེད་པ་དང་ཆབས་ཅིག་དེ་ཁམ་ཕུ་ཁྲེའི་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་དོན་དངོས་ལས་དོན་ཁྲོད་སྤྱོད་དགོས་ཞེས་གསུངས་པ་རེད།
         ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་ཀྲུའུ་རེན་ཅང་ཅན་གོས་ཤིས་ཚིག་གསུང་སྐབས། 2012ལོར་ཀྲུང་གུང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ཉེ་བའི་ལོ་ལྔའི་རིང་ནི་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་སྐྱོན་བྲལ་ངང་གོང་འཕེལ་འགྲོ་ཡག་ཤོས་དང་འགྲོ་མགྱོགས་ཤོས་ཀྱི་དུས་སྐབས་ཤིག་ཡིན་ལ་ཀྲུང་གོའི་མི་དམངས་མང་ཚོགས་ལ་དངོས་ཕན་ཐོབ་ཆེ་ཤོས་དང་ཐོབ་མང་ཤོས་ཀྱི་དུས་སྐབས་ཤིག་ཀྱང་ཡིན་པའི་འོད་སྟོང་འཕྲོ་བའི་གྲུབ་འབྲས་དེ་དག་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་དགོངས་པའི་ཡང་དག་ཁྲིད་སྟོན་ལས་བྱུང་བ་ཞིག་རེད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དཔེ་དེབ་འདིའི་གཙོ་རྐང་ནི་མི་དམངས་ལྟེ་བར་འཛིན་པའི་དགོངས་པ་ཡིན་པ་དང་། དགོངས་པ་དེ་མི་དམངས་གོང་དུ་བཀུར་བའི་རིན་ཐང་ལེན་ཕྱོགས་ཐད་ནས་མངོན་པ་དང་། དྲང་གཞག་དྲང་བདེན་གྱི་ལམ་ལུགས་བཀོད་སྒྲིག་ཐོག་ནས་མངོན་པ། དངོས་འཛིན་དངོས་སྒྲུབ་ཀྱི་དངོས་གཉེར་སྤྱོད་ཚུལ་ཐད་ནས་མངོན་ཡོད། ཀྲུང་གོ་དང་ཁམ་ཕུ་ཁྲེ་རྒྱལ་ཁབ་གཉིས་པོ་ནི་ཕན་ཚུན་ཡིད་ཆེས་ཆེན་པོ་ཡོད་པའི་གྲོགས་པོ་བཟང་པོ་དང་། གཅིག་སེམས་གཅིག་གཏད་ཀྱི་རོགས་ཟླ་བཟང་པོ། སྐྱིད་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་བཅས་ཡིན་པས་ད་རེས་ཀྱི་《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཁམ་ཕུ་ཁྲེའི་ཡི་གེའི་པར་མའི་པར་ཕུད་འགྲེམས་སྤེལ་གྱི་གོ་སྐབས་དང་བསྟུན་ནས་ཁམ་ཕུ་ཁྲེ་དང་རྒྱལ་སྲིད་སྐྱོང་ལུགས་སྐོར་གྱི་ཉམས་མྱོང་སྔར་བས་སྤེལ་རེས་བྱས་ཏེ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་འབྲེལ་བ་གོང་འཕེལ་ཡོང་ཕྱིར་དྲང་ནུས་རྒྱུན་མི་ཆད་པར་འདོན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་དཔེ་དེབ་ནང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2012ལོའི་ཟླ་11ནས་2014ལོའི་ཟླ་6པའི་བར་གནང་བའི་གསུང་བཤད་དང་། གླེང་མོལ། གཏམ་བཤད། དྲིས་ལན། མཆན་བཀོད་མཛུབ་སྟོན། རྟེན་འབྲེལ་ཞུ་ཡིག་སོགས་ཁག་79ཙམ་བཀོད་ཡོད་པ་དང་མིག་སྔར་སྐད་རིགས་16ལ་ཕབ་བསྒྱུར་བྱས་ནས་གོ་ལ་ཧྲིལ་པོར་དེབ་གྲངས་ཁྲི་620ཙམ་འགྲེམས་སྤེལ་བྱས་ཡོད། 《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》ཞེས་པའི་ཁམ་ཕུ་ཁྲེའི་ཡི་གེའི་པར་མ་དེ་ཀྲུང་གོ་ཕྱི་རྒྱལ་སྐད་ཡིག་དཔེ་སྐྲུན་ཁང་དང་ཁམ་ཕུ་ཁྲེའི་རྒྱལ་པོ་ཚང་གི་ཞིབ་འཇུག་ཁང་དང་ཁམ་ཕུ་ཁྲེའི་ཀའོ་མན་དཔེ་སྐྲུན་ཁང་བཅས་དང་མཉམ་ལས་ཡིག་སྒྱུར་བྱས་ནས་དཔེ་སྐྲུན་བྱས་པ་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།