འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བདེ་སྐྱིད་གྲོང་ཚོའི་བཀྲ་ཤིས་པའི་བྱ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 13:50】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གོང་དཀར་རྫོང་དུ་གནས་པའི་བདེ་སྐྱིད་གྲོང་གསར་ནི་ཐག་ཉེ་རིང་ཀུན་ལ་སྐད་གྲགས་ཆོད་པའི་སྣོད་བཅུད་ལེགས་ལ། ཤེས་དཔལ་ལྡན་ཞིང་། འབྱོར་པས་ཕྱུག་པའི་དཔེ་སྟོན་གྲོང་ཚོ་ཞིག་ཡིན་ལ་དེ་གར་དུད་ཚང་66དང་མི་གྲངས་268ཡོད། 2013ལོར་གོང་དཀར་རྫོང་གིས་སྲིད་གཞུང་གི་སྟོབས་ཤུགས་དང་། བོད་སྐྱོར་གྱི་སྟོབས་ཤུགས། མི་སྒེར་གྱི་སྟོབས་ཤུགས་བཅས་གཅིག་སྡུད་བྱས་པ་དང་། ཕྱོགས་མང་པོ་ནས་མ་དངུལ་བསྡུས་ཏེ་ཐོན་ཁུངས་བསྡུ་སྒྲིལ་གྱིས་བདེ་སྐྱིད་གྲོང་གསར་བསྐྲུན་པ་རེད།
         དྲོད་འཇམ་ཉི་འོད་གུ་ཡངས་པའི་སྒོ་རའི་ནང་འཕྲོས་པ་དང་། གཡུ་སྒྲོན་གྱིས་ཐོག་སོ་དང་པོའི་དཀར་ཕིབས་སུ་ལོ་གསར་གཏོང་རྒྱུར་གྲ་སྒྲིག་བྱས་པའི་ཚགས་ཤ་བསིལ་སྐམ་བྱེད་བཞིན་ཡོད་ཅིང་། ལོ་ན་74ལ་སླེབས་པའི་ཨ་མ་བདེ་སྐྱིད་ལྷུན་གྲུབ་ཕར་ཚུར་འགྲོ་བ་དང་། མཚམས་རེ་ཉི་མར་བྲོ་བ་དང་སྐབས་རེ་བུ་མོ་དང་ཁ་བརྡ་གློད་བཞིན་མཆིས། དགུན་ཟླ་ཧྲིལ་པོར་ལས་བྲེལ་མེད་པས་ཁོང་དེ་ལྟར་སྡོད་རྒྱུར་དགའ།
         ཨ་མ་བདེ་སྐྱིད་ལྷུན་གྲུབ་ནི་གྲོང་ཚོ་དེར་སྐད་གྲགས་ཆོད་པའི་སེམས་བཟང་ཅན་གྱི་རྒན་མོ་ཞིག་ཡིན་ལ། ཐ་ན་གྲོང་ཚོ་ཨུ་ལྷན་གྱི་ཁོངས་མི་ཚོས་ཀྱང་ཁོང་སེམས་བག་ཡངས་པས་ལོ་ན་བདུན་ཅུར་སླེབས་པར་འདྲ་པོ་མེད་པར་གཞོན་སོ་དོད་པོ་ཡོད་ཅེས་བསྔགས་བརྗོད་བྱེད་ཀྱི་ཡོད།
         རྒན་མགོ་དཀར་གྱི་དུས་སུ་སླེབས་ནའང་ཨ་མ་བགྲེས་མོའི་འཚོ་བ་སྐྱིད་ལ་སྤྲོ་སྣང་གིས་ཁེངས་ཡོད། ཁོང་གི་མི་ཚེའི་ནང་བྱིས་དུས་ནི་དྲན་མི་བཟོད་པ་ཞིག་ཡིན་ཏེ་ཁོང་གིས“བྱིས་དུས་ཀྱི་སྐོར་བཤད་ན་མིག་ཆུ་མི་འཆོར་རང་དབང་ཅི”ཟེར།
         ཨ་མ་བགྲེས་མོ་ཁོང་ཞིང་བྲན་གྱི་ཁྱིམ་ཚང་ཞིག་ནང་སྐྱེས་པ་དང་། ལོ་ན་དྲུག་གི་སྐབས་ཨ་མ་ཕྲུ་གུ་བཙའ་མ་ཐུབ་པར་ཚེ་ལས་འདས། ཁོང་དང་མིང་སྲིང་གཉིས་པོ་པ་ཕས་བསྐྱུར། དེ་དུས་བོགས་ཁྲལ་འཇལ་མ་ཐུབ་པས་ཞིང་བྲན་བདག་པོས་ཉེས་རྡུང་ཚབས་ཆེན་བཏང་ཞིང་། ཁོང་གི་མིང་སྲིང་གཉིས་དཀའ་སྡུག་གིས་མ་ཁྱོག་པར་བྲོས་ནས་ད་བར་ཤི་གསོན་གྱི་སྐད་ཆ་ཐོས་རྒྱུ་མེད་པར་གྱུར།
         སྟབས་ལེགས་པ་ཞིག་ལ་མོ་རང་གཉེན་ཉེས་གསོས་པར་བརྟེན་ད་ལྟའི་བདེ་སྐྱིད་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།
         ཁང་པ་གསར་པར་སྤོས་ནས་ལོ་གཉིས་འདས་པ་དང་ཨ་མ་བགྲེས་མོ་ཡང་སྔར་བས་སྤྲོ་སྣང་ལྡན། སྨི་ངོས་གྲུ་260ལྷག་ཟིན་པའི་ཁང་པ་དེར་སྒོར་ཁྲི་ཁ་ཤས་ལས་ཕྱིན་མེད་པ་དང་དེ་བྱིངས་སྲིད་གཞུང་གིས་སྤྲད་ཡོད། སྔོན་ཆད་ཁོང་སྡོད་སའི་ཁང་པར་སྨི་ངོས་གྲུ་20ཙམ་ལས་མེད་པ་དང་ཆུ་དང་གློག་སྟབས་བདེ་པོ་མེད། ད་ཆ་སྡོད་སའི་ཁང་པ་རྒྱ་ཆེ་ལ་ཁོར་ཡུག་ལེགས་པ་དང་འཚོ་བའི་སྤུས་ཚད་ཀྱང་རྦད་དེ་ཡག་ཏུ་ཕྱིན་ཡོད།
         ན་ནིང་ཨ་མ་བགྲེས་མོའི་མིག་ལ་སྐྱ་འགྲིབ་གཤག་བཅོས་བྱས་པར་ཡང་སྨན་རིན་སྤྲོད་མ་དགོས་པར་ཚང་མ་སྲིད་གཞུང་གིས་འགྲོ་སོང་རྩིས་ཞུ་བྱས་པ་དང་། ཚ་བོ་སློབ་གྲྭར་སྐྱོད་པར་ཡང་ཁ་ལག་དང་། སྡོད་རིན། སློབ་ཡོན་བཅས“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སུ་སྤྱོད་རྒྱུ་བྱུང་ཞིང་། ཁྱིམ་ལ་ལོ་རེ་བཞིན་ད་དུང་རྩྭ་སའི་ཁ་གསབ་དང་འབྲུ་རིགས་ཁ་གསབ་སོགས་དམངས་ཕན་གྱི་ཁ་གསབ་སྣ་ཚོགས་རག་གི་ཡོད་པ་རེད།
         འཚོ་བ་དེ་ལྟ་བུ་སྐྱེལ་རྒྱུ་བྱུང་བས་ཨ་མ་བགྲེས་མོར་རེ་འདོད་གཞན་གང་ཡང་མེད་པར་རྦད་དེ་བློ་ཡིད་ཚིམས་ཡོད། ཁོང་གི་ཕུགས་འདུན་འབའ་ཞིག་ནི་ནམ་ཞིག་ལ་ཚ་བོར་ཕྲུ་གུ་བྱུང་ན་ཅི་མ་རུང་སྙམ་པ་དེ་ཡིན་པས་དེ་དུས་ཁོང་སྔར་བས་ཧ་ཅང་སྐྱིད་པོ་ཡོང་ངེས་རེད།
         ཉིན་ཞིག་ཡང་ཚ་པང་ལ་འདེབས་རྒྱུ་ཡིན་པའི་སྐོར་གླེང་སྐབས། གད་མོ་ཆེན་པོ་ཤོར་ནས་ཁོང་གི་མགོའི་ཞྭ་མོ་ཡང་ལྷུང་ལ་ཁད་བྱས་སོང་། བདེ་སྐྱིད་གྲོང་གསར་དུ་ཨ་མ་བགྲེས་མོ་བདེ་སྐྱིད་ལྷུན་གྲུབ་དང་འདྲ་བར་སྐྱིད་སྣང་ལྡན་པའི་མི་གང་སར་མཐོང་རྒྱུ་ཡོད།
         བདེ་སྐྱིད་གྲོང་གསར་བསྐྲུན་རྗེས་གོང་དཀར་རྫོང་གིས་མང་ཚོགས་ཀྱི་ཚོགས་ཆེན་འཚོགས་ཏེ་ཡུལ་གཞན་དུ་གནས་སྤོ་བྱ་ཡུལ་ནི་ཉེ་འཁོར་གྱི་དུད་ཁྱིམ་དབུལ་པོ་དང་ཡར་ཀླུང་གཙང་པོའི་བྱང་ངོས་ཀྱི་ཆུ་ལོག་གི་གནོད་འཚེ་ཐོན་མང་སའི་མི་སེར་ཡིན་པ་གཏན་ལ་ཁེལ།
         ད་ཆ་བདེ་སྐྱིད་གྲོང་གསར་དུ་སྤོས་པའི་མི་སེར་ཚང་མ་དབུལ་སྒྲོལ་བྱུང་ཡོད། གྲོང་མིའི་དུད་ཁྱིམ་ཀུན་ལ་ནོར་ལུག་དང་ས་ཞིང་ཡོད་པ་དང་། ངལ་ནུས་ཡོད་ཕྱིར་གླ་པ་རྒྱུག་པར་འགྲོ་བས་ལོར་མི་རེར་ཡོང་འབབ་སྒོར་ཁྲི་མི་ཟིན་པའི་སེམས་ཁྲལ་མེད།
         བདེ་སྐྱིད་གྲོང་གསར་ལ་སྐྱོད་སྐབས་བོད་བཟོའི་ཁང་པ་ཉིས་ཐོག་གྲལ་འགྲིག་པོས་གནས་པ་དང་ཐེམ་དུད་ཚང་མར་རང་རང་གི་སྒོ་ར་ལོགས་སུ་ཡོད། གྲོང་ཚོའི་ནང་བུ་བཅོལ་ཁང་དང་། གསང་སྤྱོད། གྲོང་ཚོའི་བྱེད་སྒོ་ཁང་། ཚོང་ལས་ཁུལ་ཡོད་པ་མ་ཟད། སྤྱི་པའི་གཡུལ་ཐང་དང་བ་ཚང་ཡང་ཡོད།
         སྤྱི་པའི་བ་ཚང་ནི་བདེ་སྐྱིད་གྲོང་གསར་གྱི་མི་སེར་ཚོར་མི་སྡོད་ཁོར་ཡུག་སྔར་བས་སྐྱིད་སྣང་དོད་པོ་ཞིག་ཡོང་ཆེད་བརྒྱབ་པ་ཞིག་ཡིན། སྔོན་མ་མི་སེར་ཚོར་ཕྱུགས་ཟོག་སྒོ་རའི་ནང་གསོ་བའི་གོམས་གཤིས་ཡོད། བདེ་སྐྱིད་གྲོང་གསར་ལ་སྤོས་རྗེས་མི་སེར་ཚོའི་ཁྱིམ་གྱི་ཕྱུགས་ཟོག་ཚང་མ་གྲོང་ཚོའི་རྒྱབ་ཀྱི་སྤྱི་པའི་བ་ཚང་ནང་འཇུག་གི་ཡོད། ད་དུང་ཐེམ་དུད་སོ་སོར་རང་རང་གི“བ་ཚང”ལོགས་སུ་ཡོད། དེ་འདྲ་བྱུང་བས་གྲོང་ཚོ་ཧྲིལ་པོའི་ཁོར་ཡུག་ལ་ཕྱུགས་ཟོག་གིས་བཙོག་སྐྱོན་བཏང་བ་མཐོང་རྒྱུ་མེད།
         གོང་དཀར་རྫོང་བདེ་སྐྱིད་གྲོང་ཚོ་སྣོད་བཅུད་ལེགས་ལ། ཤེས་དཔལ་ལྡན་ཞིང་འབྱོར་པས་ཕྱུག་པའི་དཔེ་སྟོན་གྲོང་ཚོ་ཡིན་པ་དེ་དཔེ་སྟོན་དུ་བྱས་ཏེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་ལྷོ་ཁ་གྲོང་ཁྱེར་གྱིས་ཡུལ་གཞན་དུ་གནས་སྤོས་བྱ་རྒྱུ་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་འགན་གཙོ་བོར་བརྩི་རྒྱུ་ཡིན་ཞིང་། ད་ཆ་ལྷོ་ཁ་གྲོང་ཁྱེར་གྱི་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་རྣམ་གྲངས་ཁྱོན་ཡོངས་ནས་འགོ་ཚུགས་པ་དང་མ་དངུལ་སྒོར་ཁྲི་7106བཏང་ནས་རུབ་བསྡུས་གནས་སྤོ་བྱ་ཡུལ་15བརྒྱབ་སྟེ་རུབ་བསྡུས་ཐུབ་ཚད་78%ཟིན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།