འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཕེལ་རྒྱས་ཀྱིས་འཇར་མན་གྱི་སློབ་མ་ཀྲུང་གོར་ཕྱི་སྦྱོང་དུ་འགྲོ་བར་སྐུལ་ཁྲིད་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་རྒྱལ་སྟོབས་ཆེ་རུ་ཕྱིན་པ་དང་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་མཉམ་ལས་ཟབ་ཏུ་ཕྱིན་པ་དང་བསྟུན་ནས་འཇར་མན་གྱི་ན་གཞོན་དེ་བས་མང་པོས་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་བའི་གདམ་ག་བྱེད་བཞིན་ཡོད། ལས་རིགས་གཅིག་པའི་མི་སྣས་འཇར་མན་གྱིས“ཀྲུང་གོའི་འཇོན་ཐང”ཆེ་རུ་འགྲོ་ལུགས་ནན་བཤད་བྱས་པའི་རྒྱབ་ལྗོངས་འོག་ཀྲུང་གོར་སློབ་སྦྱོང་བྱེད་པར་ཡོང་མཁན་མི་གྲངས་མུ་མཐུད་མང་དུ་འགྲོ་བཞིན་ཡོད་ཅེས་བརྗོད།
         འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སློབ་གསོ་ཁྲུས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་པར་གཞིགས་ན། མིག་སྔར་ཀྲུང་གོར་སློབ་སྦྱོང་བྱེད་པར་སྐྱོད་མཁན་འཇར་མན་གྱི་སློབ་མ་8000ལྷག་ཙམ་ཟིན་ཡོད། “ཨེ་ཤེ་ཡར་ཀྲུང་གོ་ནི་འཇར་མན་གྱི་སློབ་མ་སློབ་སྦྱོང་བྱེད་པར་བསྐྱོད་ཡུལ་ཆེ་ཤོས་རེད”ཚེས་18ཉིན་འཇར་མན་གྱི་རིག་གཞུང་སྤེལ་རེས་ལྟེ་གནས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོ་ཁུལ་གྱི་འགན་ཁུར་བ་ཧན་ནེ་ལུའོ་ལེ་·པོ་སི་མན་གྱིས་ཡོ་རོབ་ཕུད་པའི་ས་ཁུལ་ཚང་མར་ཀྲུང་གོས་འཇར་མན་གྱི་ཀྲུང་གོར་སློབ་སྐྱོང་བྱེད་མཁན་སློབ་མའི་ཡིད་དབང་འགུག་ཤུགས་ཨ་རི་དང་མཉམ་ཡོད་ཅེས་བརྗོད་ཀྱི་འདུག
         ཁོང་གིས་ཀྲུང་གོའི་ཡིད་དབང་འགུག་ཤུགས་དེ་རྒྱལ་ཁབ་ཀྱི་གནས་བབ་དང་འབྲེལ་བ་དམ་ཟབ་ཡོད་པའི་ངོས་འཛིན་བྱེད་ཅིང་། “གང་ལགས་ཤེ་ན། ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་དཔལ་འབྱོར་སྒྲིག་གཞི་ཆེ་གྲས་ཨང་གཉིས་པ་དང་ཨེ་ཤེ་ཡའི་འཇར་མན་གྱི་ཉོ་ཚོང་རོགས་ཟླ་ཆེ་ཤོས་དེ་ཡིན་པས་ཀྲུང་གོར་སློབ་སྦྱོང་བྱེད་པར་སྐྱོད་འདོད་ཡོད་པའི་འཇར་མན་གྱི་ན་གཞོན་མང་པོ་ཡོད”ཅེས་པོ་སི་མན་གྱིས་པེར་ལིན་དུ་ཀྲུང་འཇར་རྒྱལ་ཁབ་གཉིས་པོའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་སློབ་མའི་སྤེལ་རེས་བྱེད་སྒོར་ཞུགས་སྐབས་དེ་ལྟར་བརྗོད་པ་དང་། ཁོང་གིས་འཇར་མན་གྱི་ངོས་ནས་བརྗོད་ཚེ“‘ཀྲུང་གོའི་འཇོན་ཐང’ལྡན་པའི་འཇར་མན་གྱི་ཤེས་ལྡན་མི་སྣའང་ཧ་ཅང་གལ་འགངས་ཆེན་པོ་རེད”ཅེས་བརྗོད་ཀྱི་འདུག
         ན་ནིང་ཟླ་10པར་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སློབ་དཔྱོད་པུས་འགྲེམས་སྤེལ་བྱས་པའི་《ཀྲུང་གོའི་འཐབ་ཇུས་》ཞེས་པའི་ནང་འཇར་མན་དུ་ཡོངས་ཁྱབ་ངང“ཀྲུང་གོའི་འཇོན་ཐང”ཆགས་པར་བྱས་ནས་རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་ཞེས་བཏོན་ཡོད།
         པོ་སི་མན་གྱིས་འཇར་མན་གྱི་སློབ་མས་ཀྲུང་གོར་རྒྱ་ཡིག་སྦྱོང་བ་མ་ཟད། ད་དུང་དཔལ་འབྱོར་དང་། བཅའ་ཁྲིམས། ལས་གྲྭ་སོགས་ཀྱི་ཆེད་ལས་སྣ་ཚོགས་སློབ་སྦྱོང་བྱེད་བཞིན་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
         “འཇར་མན་གྱི་ལས་རིགས་ཁག་གིས་ཀྲུང་གོར་དགའ་པོ་བྱེད་ཚད་ཆེ་རུ་འགྲོ་བཞིན་ཡོད”ཅེས་འཇར་མན་མི་དམངས་སློབ་སྦྱོང་ཐེབས་རྩ་ལྷན་ཚོགས་རྒྱལ་སྤྱི་པུའི་ཀྲུའུ་རེན་མ་ལེ་ཨུ་སི·ཏུའོ་གཡོད་མན་གྱིས་བརྗོད་པ་དང་། ཁོང་གིས“ལས་ཀ་འཚོལ་སྐབས་ཀྲུང་གོར་སློབ་སྦྱོང་བྱས་པའི་ལོ་རྒྱུས་ཡོད་ཚེ་གོ་སྐབས་དེ་བས་ཆེ་བ་ཐོབ་ཀྱི་འདུག”ཅེས་བརྗོད།
         ཏུའོ་གཡོད་མན་གནས་སའི་ཐེབས་རྩ་ལྷན་ཚོགས་ཀྱིས་ལོ་མང་རིང་ཀྲུང་གོར་སློབ་སྦྱོང་བྱེད་པར་སྐྱོད་མཁན་འཇར་མན་གྱི་སློབ་མར་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི་དངུལ་སྤྲོད་ཀྱི་ཡོད། ཁོང་གིས་ཀྲུང་གོའི་རྒྱུན་ཆད་མེད་པར་སྒོ་མོ་འབྱེད་པའི་ཁོར་ཡུག་གིས་ཕྱི་རྒྱལ་བ་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་བར་དེ་བས་སྟབས་བདེ་རུ་ཕྱིན་ཡོད། དེ་ལས་ཕྱི་རྒྱལ་གྱིས་ཀྲུང་གོ་ཤེས་རྟོགས་ཐུབ་ཚད་ཆེ་རུ་ཕྱིན་ཡོད་ལ་ཡུན་རིང་གི་སྤེལ་རེས་ཀྱི་ཐབས་ལམ་བསྐྲུན་རྒྱུར་ཡང་ཕན་པ་ཡོད་པའི་ངོས་འཛིན་བྱེད་ཀྱི་འདུག
         འདི་ལོ་ལོ་22ལ་སོན་པའི་འཇར་མན་གྱི་ཕོ་གཞོན་ས་ཏི་ཨེ་སི·ཡ་ཨེན་མིག་སྔར་ལོན་ཏོན་ཆབ་སྲིད་དཔལ་འབྱོར་རིག་པ་སློབ་གླིང་དུ་རྒྱལ་སྤྱིའི་འབྲེལ་བ་རིག་པ་སྦྱོང་བཞིན་ཡོད་པ་དང་། ཁོ་བོའི་ཕུགས་འདུན་ནི་ཕྱི་འབྲེལ་དཔོན་ཞིག་བྱེད་འདོད་ཡོད། ཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཤེས་རྟོགས་དེ་བས་ལེགས་པ་ཡོང་ཆེད་འདི་ལོའི་ཟླ་9པར་ཁོང་པེ་ཅིང་སློབ་ཆེན་དུ་ལོ་གཅིག་སློབ་སྦྱོང་བྱེད་པར་ཡོང་རྒྱུ་ཡིན་པ་རེད།
         འཇར་མན་གྱི་སློབ་མའི་ངོས་ནས་བརྗོད་ཚེ་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་བའི་འགལ་རྐྱེན་གཙོ་བོ་ནི་སྐད་བརྡ་མི་འཕྲོད་པ་དེ་ཡིན་ཞིང་། ཏུའོ་གཡོད་མན་གྱིས“རྒྱ་ཡིག་ཧ་ཅང་སྦྱོང་ཁག་པོ་འདུག གལ་ཏེ་ཀྲུང་གོར་སློབ་སྦྱོང་བྱེད་པར་དངོས་འབྲེལ་སྐྱོད་མཁན་ཡིན་ཚེ་ཁྱེད་ཀྱིས་ཉུང་མཐར་ཡང་སྔོན་ལ་སྐད་ཡིག་སློབ་ཚན་ལོ་གཉིས་སྦྱོང་དགོས”ཞེས་བརྗོད་ཀྱི་འདུག
         ཡིན་ནའང་འཇར་མན་ཐེ་ལེ་སློབ་ཆེན་རྒྱ་ཡིག་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ལེང་ཡུང་གིས་ལྟ་ཞིབ་བྱས་པར་གཞིགས་ན། ཀྲུང་གོར“སློབ་སྦྱོང་བྱེད་པར་འགྲོ་འདོད་ཧ་ཅང་ཆེ་བར”དམིགས་ནས་འཇར་མན་གྱི་སློབ་མ་ཧ་ཅང་མང་པོ་ཞིག་གིས་ཀྲུང་གོར་མ་བསྐྱོད་གོང་རྒྱ་ཡིག་སྦྱོང་གི་ཡོད་པ་རེད།
         ཁོང་གིས་སློབ་མ་ཧ་ཅང་མང་པོ་ཞིག་དེ་སྔ་ཀྲུང་གོར་སྐྱོད་མྱོང་བའམ་ཡང་ན་ཁུང་ཙི་སློབ་གླིང་དང་སྐད་ཡིག་གསོ་སྦྱོང་སྒྲིག་གཞི་ཁག་གཅིག་ཏུ་རྒྱ་ཡིག་སློབ་སྦྱོང་བྱེད་མྱོང་ཡོད་ཅེས་བརྗོད་ཀྱི་འདུག
         འཇར་མན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་སློབ་གསོ་ཁྲུའི་གཞུང་ཚབ་དང་ཚན་ཙན་གཅིག་ལྕོགས་ཏུང་ཆིས་རྒྱལ་ཁབ་གཉིས་པོའི་སློབ་རྒྱུས་དང་ཡོན་ཚད་ཕན་ཚུན་ཁས་ལེན་ལ་སྐུལ་འདེད་གཏོང་རྒྱུ་ནི་འཇར་མན་གྱི་སློབ་མ་ཀྲུང་གོར་སློབ་སྦྱོང་བྱེད་པར་འགྲོ་བར་སྐུལ་འདེད་གཏོང་བའི་དགོས་ངེས་ཀྱི་བྱ་ཐབས་ཤིག་ཡིན་པའི་ལྟ་སྟངས་འཛིན་གྱི་འདུག ཁོང་གིས་མིག་སྔར་ཀྲུང་གོར་སློབ་སྦྱོང་བྱེད་བཞིན་པའི་འཇར་མན་གྱི་སློབ་མ་8000ལྷག་ཙམ་ཡོད་པ་དང་། སློབ་མ་ཧ་ཅང་མང་པོ་ཞིག་སློབ་གྲྭའི་དབར་གྱི་སྤེལ་རེས་ཀྱི་རྣམ་པར་བརྟེན་ནས་ཀྲུང་གོར་སློབ་སྦྱོང་བྱེད་པར་སྐྱོད་ཀྱི་ཡོད། སློབ་མ་དེ་དག་གི་ངོས་ནས་བརྗོད་ཚེ་སྤེལ་རེས་བྱེད་པའི་བརྒྱུད་རིམ་ནང་ཀྲུང་གོར་ཐོབ་པའི་སྦྱངས་འབྲས་འཇར་མན་ཕྱོགས་ཀྱིས་ཁས་ལེན་བྱེད་པ་ནི་ཧ་ཅང་གལ་ཆེན་པོ་རེད་ཅེས་བརྗོད་ཀྱི་འདུག
         “གནད་དོན་འདི་ད་ལྟ་བྱེད་བཞིན་པའི་སློབ་རྒྱུས་དང་ཡོན་ཚད་ཕན་ཚུན་ཁས་ལེན་གྲོས་མཐུན་ལ་བཟོ་བཅོས་རྒྱག་པ་དང་འབྲེལ་བ་ཡོད”ཅེས་ཏུང་ཆིས་བརྗོད་པ་དང་། ཁོང་གིས“རྒྱལ་ཁབ་ཀྱི་ངོས་ནས་ང་ཚོས་སྐུལ་འདེད་གཏོང་བཞིན་ཡོད”ཅེས་བརྗོད་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།