འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།སྦྲང་རྩི་བྱུགས་པའི་དཔེ་དེབ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཤི་མཚོའི་སྐོར་གླེང་ཚེ། མི་རྣམས་ཀྱི་མིག་ལམ་དུ་དབྱི་སི་རལ་གྱི་ཕོ་མོ་རྒན་གཞོན་ཚང་མས་ལག་ཏུ་དུས་དེབ་དང་ཚགས་པར་སོགས་ཁྱེར་ཏེ་ཤི་མཚོའི་ངོགས་སུ་གཡེང་ནས་ལྟ་བཞིན་པ་འཆར་གྱི་ཡོད།
         དཔེ་དེབ་དང་ཁ་འབྲལ་ཐབས་མེད་པ་ནི་དབྱི་སི་རལ་བའི་རྒྱུན་གཏན་གྱི་འཚོ་བ་སྐྱེལ་སྟངས་ཤིག་རེད།
         ལོ་ལྟར་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁབ་ཁག་གི་མི་རེའི་ཆ་སྙོམས་དཔེ་དེབ་ལྟ་ཚད་ནང་དབྱི་སི་རལ་ཨང་དང་པོའི་གྲས་སུ་སླེབས་ཀྱི་ཡོད། དབྱི་སི་རལ་ནི་འཛམ་གླིང་དུ་ཡ་གུ་དྭ་པ་མི་རིགས་ཀྱིས་གཙོ་བོ་བྱེད་པའི་རྒྱལ་ཁབ་ཅིག་རེད། ཡ་གུ་དྭ་པར“དཔེ་དེབ་ལྟ་ཀློག་ལ་དགའ་བའི་མི་རིགས”དང་། “སློབ་གསོ་ཐོབ་པའི་མི་རིགས” “སློབ་སྦྱོང་དང་བསམ་བློ་གཏོང་བར་དགའ་བའི་མི་རིགས”བཅས་བརྗོད་སྲོལ་ཡོད།
         ཤོད་རྒྱུན་དུ་ཡ་གུ་དྭ་པར་ཕྲུ་གུ་སྐྱེས་སྐབས་ཨ་མས་དཔེ་དེབ་ལ་སྦྲང་རྩི་ཐིགས་པ་བརྒྱབ་ནས་ཕྲུ་གུར་ལྡག་ཏུ་འཇུག་གི་ཡོད་པ་དང་འབྲེལ་ཕྲུ་གུར་དཔེ་དེབ་ནི་མངར་མོ་ཡིན་པ་དང་དཔེ་དེབ་ཀློག་པ་ནི་དགའ་སྤྲོའི་བྱ་བ་ཞིག་ཡིན་པ་བརྗོད་ཀྱི་ཡོད། ཕྲུ་གུ་ལོན་ནས་ཧ་ཉིད་གོ་སྐབས་ཨ་མ་ཚང་མས་སྐད་ཆ་དེ་འདྲ་འདྲི་ཡི་ཡོད། གལ་ཏེ་ཁྱིམ་ལ་མེ་ཤོར་ཚེ། དང་ཐོག་ཁྱེད་ཀྱིས་གང་འཁྱེར་འགྲོ་མཁན་ཡིན་ནམ། གལ་ཏེ་ཕྲུ་གུས་དངུལ་ལམ་ཡང་ན་རྩ་ཆེའི་དངོས་པོ་གཞན་འཁྱེར་འགྲོ་ཡི་ཡིན་ཞེས་ལན་བརྒྱབ་ཚེ། ཨ་མས་གཟབ་ནན་གྱི་སྒོ་ནས་ཕྲུ་གུར་དང་ཐོག་འཁྱེར་དགོས་པ་ནི་དཔེ་དེབ་རེད། གང་ཡིན་ཞེ་ན་དཔེ་དེབ་ནང་དུ་ཤེས་བྱ་དང་བློ་གྲོས་མང་པོ་ཡོད་པས་རྒྱུ་དངོས་ལས་རིན་ཐང་ཆེ་བ་ཡོད་ཅེས་བརྗོད་ཀྱི་ཡོད།
         “མི་ཞིག་ཡིན་ཕྱིན་ལྟོས་གྲོད་པ་རྒྱག་པ་ཙམ་ཁོ་ན་དོན་གཉེར་བྱ་མི་རུང”དབྱི་སི་རལ་བའི་ངོས་ནས་བརྗོད་ན། དཔེ་དེབ་ལྟ་ཀློག་བྱེད་པ་ནི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་གྲུབ་ཆ་གལ་ཆེན་ཞིག་རེད། རྒྱལ་དམངས་ཀྱི་དཔེ་དེབ་ཀློག་པའི་རང་འགུལ་རང་བཞིན་ཕུད། དབྱི་སི་རལ་སྲིད་གཞུང་གིས་ཀྱང་ནུས་ཤུགས་ཡོད་རྒུས་དཔེ་དེབ་ལྟ་ཀློག་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་ནས་དཔེ་དེབ་ལྟ་ཀློག་དང་ཚན་རྩལ་གསར་གཏོད་ལ་སྐུལ་མ་གཏོང་གི་ཡོད། འབད་བརྩོན་ལྷོད་མེད་ཀྱིས་སློབ་སྦྱོང་བྱས་པས་དབྱི་སི་རལ་ལ་གྲུབ་འབྲས་བཟང་པོ་ཐོབ་ནས་ཚན་རྩལ་ཁྱབ་ཁོངས་སུ་གཟེངས་སུ་ཐོན་པའི་གྲུབ་འབྲས་ཐོབ་པ་དང་རྒྱུད་འཛིན་རིག་པ་དང་། འོད་རིག་པ། རྩིས་འཁོར་གྱི་ཚན་རིག བཟོ་རིག་པ་བཅས་དང་དེ་བཞིན་ལག་རྩལ་ཐོན་ལས་གཞན་ལ་དབྱི་སི་རལ་གྱི་ཚན་རིག་མཁས་ཅན་གྱིས་ལེགས་སྐྱེས་ཆེན་པོ་ཕུལ་བ་དང་འབྲེལ་འགའ་ཞིག་ལ་ནོར་པེར་བྱ་དགའ་ཡང་ཐོབ་ཡོད།
         དཔེ་དེབ་ནི་མིའི་རིགས་ཡར་ཐོན་གྱི་སྐས་རིམ་ལྟ་བུ་ཡིན་པ་དང་དབྱི་སི་རལ་བས་དེའི་ཐད་གསོན་ཉམས་དོད་པའི་འགྲེལ་པ་བརྒྱབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།