འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཡུལ་ཤུལ་དུ་ཆུ་མིག་ལ་སྲུང་སྐྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་10ཉིན། 13:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་སྐར་མདའ་གྲོང་ཚོར་སྡོད་མཁན་དཔལ་ལྡན་འཕྲིན་ལས་ཕྱུགས་འཚོས་ནས་འཚོ་བ་འཁྱོལ་ཐབས་བྱེད་ཀྱི་ཡོད། དེ་སྔ་ཁོང་དང་གྲོང་མི་ཚོར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མེད་པའི་དབང་གིས་ད་ཆ་ཆུ་མིག་སྐམ་ཉེར་ཡོད་པ་ཤེས།
         “ཆུ་ནི་ཚེ་སྲོག་ཀུན་གྱི་རྩ་བ་ཡིན། ཆུ་མིག་ལ་སྲུང་སྐྱོང་བྱ་རྒྱུ་ནི་རང་ཉིད་ཀྱི་ཁྱིམ་གཞིས་ལ་སྲུང་སྐྱོབ་བྱེད་པ་དང་གཅིག་མཚུངས་རེད”“དེ་སྔོན་ང་ཚོས་བཏུང་བྱའི་ལྕགས་ཀྲིན་དང་གད་སྙིགས་རྩྭ་ཐང་སྟེང་གང་བྱུང་གཡུགས་ཀྱི་ཡོད། ཡུན་རིང་སོང་རྗེས་གད་སྙིགས་དེ་དག་ལྷགས་པས་གང་སར་འཁྱེར་བ་དང་ནོར་ལུག་གིས་བཟས་ཏེ་ཤི་བའང་མང་པོ་བྱུང་ཡོད། གད་སྙིགས་མང་དུ་སོང་བས་རྩྭ་ཁ་ཞན་དུ་ཕྱིན་པ་དང་ཆུ་མིག་ཀྱང་རིམ་བཞིན་སྐམ་འགྲོ་གི་འདུག”ཅེས་བཤད།
         སྐར་མདའ་གྲོང་ཚོ་གཙང་གསུམ་ཆུ་འགོའི་སྲུང་སྐྱོང་ཁུལ་གཙོ་བོར་གནས་ཡོད་ཅིང་། ཡུལ་ཤུལ་གྲོང་ཁྱེར་གྱི་མ་ཡུམ་གཙང་པོ་རྫ་ཆུ་དེ་ནས་འབབ་ཀྱི་ཡོད་པས། ཁུལ་དེར་ཆུ་མིག་190ཙམ་ཡོད་པ་དང་མི་ཁྲི་10ལྷག་ཙམ་བརླན་གྱིས་བསྐྱངས་བཞིན་ཡོད། 2003ལོ་ནས་བཟུང་འབྲོག་པ་ཚོས་རང་འགུལ་ངང་ཆུ་མིག་སྲུང་སྐྱོང་བྱེད་འགོ་ཚུགས་ནས་དགེ་འདུན་པ་གདན་དྲངས་ཏེ་རིམ་གྲོ་བྱས་པ་མ་ཟད་མ་ཡུམ་ཆུ་མིག་གི“དང་བླངས་རུ་ཁག”ཀྱང་བཙུགས་པ་རེད།
         སྐར་མདའ་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཆོས་ཚེ་རིང་གིས“ལོ་འདི་དག་ནང་ཁོམ་པ་ཡོད་འཕྲལ་གྲོང་མི་ཚོས་ལམ་ཡོད་སར་སྦག་སྦག་གཏོང་བ་དང་ལམ་མེད་སར་རྟ་བཞོན་ནས་ཆུ་མིག་ཉེ་འཁོར་དུ་གད་སྙིགས་སྒྲུག་པར་འགྲོ་གི་ཡོད། སྐབས་དེ་དུས་གྲོང་མི་ཚོས་སྒྲུག་པའི་གད་སྙིགས་ལྗིད་ཐེག་རླངས་འཁོར་ཁ་ཤས་ཡོད། དེའང་ང་ཚོ་སྐར་མདའ་གྲོང་ཚོས་བསམ་གཞིག་བྱེད་དགོས་པའི་གནས་ཚུལ་ཞིག་རེད”ཅེས་དྲན་གསོ་བྱེད་བཞིན་བཤད།
         ལོ་44སླེབས་པའི་དཔལ་ལྡན་འཕྲིན་ལས་ཀྱང་དང་བླངས་པའི་གྲས་ཤིག་ཡིན་ཞིང་། ཁོང་གིས་ཟླ་རེར་དུས་བཀག་ནང་རང་ཉིད་ཀྱིས་འགན་འཁུར་སའི་ཆུ་མིག་ཏུ་ཆུ་མང་ཉུང་ལྟ་བ་དང་ཉེ་འཁོར་གྱི་གད་སྙིགས་སྒྲུག་པར་ཐེངས་3བསྐྱོད་ཀྱི་ཡོད།
         2013ལོའི་རྗེས་སུ་ཆུ་མིག་གི་སྲུང་སྐྱོང་གྲུབ་འབྲས་བརྟན་དུ་གཏོང་ཆེད། ཁྱོན་མི་འབོར་1182ཡོད་པའི་སྐར་མདའ་གྲོང་ཚོས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆུང་23བཙུགས་ཏེ་གྲོང་ཚོ་ཡོངས་ཀྱི་སྟོབས་ཤུགས་བཏོན་ནས་ཆུ་མིག་ཁར་རླུང་དར་མཆོད་རྟེན་བསྐྲུན་པ་མ་ཟད་རྡོ་བརྐོས་མ་ཎིའང་བཞག་ཡོད།
         ཆུ་མིག་ལ་སྲུང་སྐྱོང་བྱ་ཆེད། སྐར་མདའ་གྲོང་ཚོའི་གྲོང་མིས་འགན་འཁྲིའི་ཡི་གེ་བཞག་ནས་ཆུ་མིག་ཉེ་འཁོར་དུ་གད་སྙིགས་གཡུགས་པ་དང་གྱོན་གོས་འཁྲུ་བ་སོགས་གཏན་ནས་མི་བྱེད་རྒྱུའི་ཁས་བླངས་ཡོད། དཔལ་ལྡན་འཕྲིན་ལས་ཀྱིས“ལོ་འགའི་རིང་ཆུ་མིག་སླར་གསོ་བྱུང་བ་དང་ཉེ་འཁོར་དུའང་གད་སྙིགས་མཐོང་དཀོན་པོ་རེད”ཅེས་བཤད།
         སྐར་མདའ་གྲོང་ཚོ་ཞིང་ཆེན་ལམ་308འགྲམ་དུ་གནས་པ་དང་ཡུལ་ཤུལ་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་20ལྷག་ཙམ་ལས་མེད། དབྱར་དུས་རྩྭ་ཆུ་བཟང་བའི་སྐབས་ཡུལ་ཤུལ་གྲོང་ཁྱེར་གྱི་གྲོང་མི་མི་ཉུང་བ་ཞིག་དེ་གར་གླིང་ཁ་གཏོང་བར་ཡོང་གི་ཡོད། སྐར་མདའ་གྲོང་ཚོའི་གྲོང་མིས་དབྱར་རྩྭ་དགུན་འབུ་འཐུ་བའི་དུས་ཚིགས་ཡོལ་རྗེས་རང་ཁྱིམ་གྱི་སྒོ་འགྲམ་དུ་སྤྲོ་གསེང་གཏོང་ཡུལ་འཛུགས་ཀྱི་ཡོད།
         གཙང་གསུམ་ཆུ་འགོའི་ཆུའི་ཐོན་ཁུངས་དང་ཆུའི་སྣོད་བཅུད་རིག་གནས་འགྲེམས་སྟོན་བྱ་ཆེད། མིག་སྔར་སྐར་མདའ་གྲོང་ཚོས་གཙང་གསུམ་ཆུ་འགོ་ས་ཁུལ་གྱི་ཆུའི་མ་དཔེ་དང་དེ་བཞིན་དེ་དང་འབྲེལ་བའི་ཡུལ་སྲོལ་གོམས་གཤིས་བསྡུ་རུབ་བྱས་ཏེ་མ་དཔེ་དང་། འདྲ་པར། ཡི་གེ བརྙན་ལམ་སོགས་ཀྱི་རྣམ་པའི་ཐོག་ནས་ཆུའི་སྣོད་བཅུད་ཡིག་ཚགས་བཟོས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།