འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཡིག་ཆ་འཕྲིན་ཅན་ལས་བོད་རིགས་མི་དམངས་ཚན་རྩལ་ལྡུམ་རར་རོལ་རྒྱུ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 13:20】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཞིག་གི་ས་སྲིབ་མཚམས་སུ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་སྡོད་མཁན་ལོ་52ལ་སླེབས་པའི་བོད་རིགས་སྐྱེད་མ་གཡང་སྐྱིད་ཀྱིས་ལག་ཐོགས་ཁ་པར་གྱི་བོད་ཡིག་གནམ་གཤིས་བལྟ་ངོས་སྤྱད་ནས་ཉིན་གཉིས་པའི་གནམ་གཤིས་གང་འདྲ་ཡོད་མེད་བལྟས། ཁོ་མོས་ད་དུང་ཕྱི་ཕྱོགས་སུ་ལས་ཀ་བྱེད་མཁན་རང་གི་བུ་དང་QQཐོག་ནས“བོད་ཡིག་བལྟ་ངོས་ཡོད་པའི་ལག་ཐོགས་ཁ་པར་སྤྱོད་རྒྱུ་སྟབས་བདེ་པོ་འདུག”ཅེས་གླེང་མོལ་འཁྱུག་ཙམ་བྱས།
         མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་ཞིབ་འཇུག་ཁང་དུ་ལས་དོན་མི་སྣ་གྲགས་པས་ཁ་པར་གྱི་བརྙན་ཤེལ་མཛུབ་མོས་མནན་ཙམ་བྱས་ནས་རིག་ནུས་ཀྱི་བོད་ཡིག་ལོ་ཐོ APPཁ་ཕྱེ་ནས་བོད་རྒྱ་ཡིག་རིགས་གཉིས་ཀྱི་བལྟ་ངོས་སྟབས་བདེ་ལ་ཁ་གསལ་བ་ཞིག་ཡོད། “ཁྱེད་ཀྱིས་གཟིགས་དང་། འདིར་མངོན་པའི་དུས་ཀྱི་འགྱུར་བ་དང་འདུ་བ་སྙོམས་ཚུལ་སོགས་ཚང་མ་ནི་བོད་ཀྱི་གསོ་རིག་དང་འབྲེལ་བ་ཡོད་པའི་ཆ་འཕྲིན་ཤ་སྟག་རེད། ང་ཚོས་བོད་ཀྱི་ལོ་ཐོ་འདི་དཔྱད་གཞིར་བཟུང་ཚེ་བོད་སྨན་གྱི་སྨན་རྩྭ་སྔོག་འཐུའི་དུས་ཚོད་དང་བོད་ལུགས་གསོ་རིག་གི་ནད་གཞི་བཅོས་ཐབས་ཀྱི་གོ་ཆོད་དུས་ཚོད་ཤེས་ཀྱི་འདུག་པས་ད་ཆ་བོད་རིགས་མང་ཚོགས་ཚོའི་འཚོ་བ་དང་ཉེ་བཅར་ཐུབ་པའི་དྲ་སྦྲེལ་ཞབས་ཞུ་དེ་བས་མང་དུ་འགྲོ་གི་འདུག”ཅེས་ཁོང་གིས་བརྗོད།
         དྲ་སྦྲེལ་བརྒྱུད་བོད་ལུགས་གསོ་རིག་གི་གནས་ཚུལ་དང་ཆ་འཕྲིན་གསར་ཤོས་ཤེས་རྟོཌ་བྱེད་རྒྱུ་ནི་གྲགས་པས་ཉིན་ལྟར་སྒྲུབ་དགོས་པའི་བྱ་བ་ཞིག་ཡིན་ཞིང་། ཁོང་གིས“བོད་ཡིག་ཆ་འཕྲིན་ཅན་དུ་གྱུར་བ་དེས་ང་ཚོའི་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། མཐོང་རྒྱ་ཆེ་རུ་དང་བསམ་བློ་གཏོང་སྟངས་ལའང་འགྱུར་ལྡོག་ཕྱིན་སོང་”ཞེས་བརྗོད།
         ཉེ་བའི་ལོ་ཤས་རིང་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་བོད་ཡིག་ཆ་འཕྲིན་ཅན་གྱི་ལས་དོན་འཕེལ་རྒྱས་མྱུར་པོ་ཕྱིན་ནས་བོད་ཡིག་ཡོད་པའི་ལག་ཐོགས་ཁ་པར་དང་། གློག་ཀླད་བོད་ཡིག་ལས་སྟེགས། བོད་རྒྱ་དབྱིན་གསུམ་གྱི་དྲ་ཐོག་ཚིག་མཛོད། བོད་ཡིག་གི་གཞུང་ལས་མ་ལག་སོགས་ཀྱི་ཆ་འཕྲིན་ཅན་གྱི་ཐོན་རྫས་མང་པོ་ཐོན་ཡོད་པ་རེད།
         མཚོ་སྔོན་དགེ་འོས་སློབ་ཆེན་དུ་བོད་ཡིག་ཆ་འཕྲིན་ཐག་གཅོད་སློབ་གསོ་པུའི་གཙོ་གནད་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཚེ་རིང་རྒྱལ་གྱིས་གསར་འགོད་པར་བོད་རྒྱ(རྒྱ་བོད)དྲ་ཐོག་འཕྲུལ་འཁོར་ཡིག་སྒྱུར་མ་ལག་འགྲེམས་སྟོན་བྱས་པ་དང་། བོད་ཡིག་གམ་ཡང་ན(རྒྱ་ཡིག)དཔྱད་རྩོམ་ཞིག་ཡིག་སྒྱུར་སྒྲོམ་གཞིའི་ནང་བླུགས་ནས་ཡིག་སྒྱུར་ཞེས་མནན་ཚེ་གཡས་ངོས་སུ་ལམ་སེང་དེ་མཚུངས་ཀྱི་རྒྱ་ཡིག་གམ་ཡང་ན(བོད་ཡིག)སྒྱུར་མ་མངོན་པ་དང་། གནད་ལ་འཁེལ་ཚད་75%ཟིན་གྱི་ཡོད།
         ཉེ་བའི་ལོ་ཤས་རིང་། བཟོ་འཕྲིན་པུའི་ཤུགས་ཆེའི་རྒྱབ་སྐྱོར་འོག་མཚོ་སྔོན་ཞིང་ཆེན་གྱིས་2013ལོ་ནས་བཟུང་ལོ་བཞི་བསྟུད་མར་རིམ་རྩིས་ལྟར་ན། ཆེད་དངུལ་སྒོར་ཁྲི་1418བཏང་ནས་བོད་ཀྱི་ཆ་འཕྲིན་ཅན་གྱི་གཙོ་གནད་དཔེ་སྟོན་རྣམ་གྲངས་མང་པོ་བསྐྲུན་ཏེ་རྒྱལ་ཁབ་ཕྱི་ནང་དུ་ཤུགས་རྐྱེན་ཆེན་པོ་ལྡན་པའི་མི་རིགས་ཀྱི་མཉེན་ཆས་ཁག་གཅིག་སྔ་རྗེས་སུ་གསར་སྤེལ་བྱས་ཡོད།
         དེའི་ནང་གི་ཚབ་མཚོན་རང་བཞིན་ཆེ་ཤོས་ཡིན་པའི་བོད་ཡིག་འཚོལ་བཤེར་མ་ལག“ཡོངས་འཛིན”2016ལོའི་ཟླ་8པར་དྲ་ཐོག་ཏུ་དངོས་སུ་སྤྱོད་འགོ་ཚུགས་པ་དང་། དེ་ནི་གསར་འགྱུར་དང་། དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། ཤེས་བྱ་ཀུན་བཏུས། རིག་མཛོད་བཅས་ཕྱོགས་8གཞི་གཅིག་ཏུ་འདུས་པའི་བོད་ཡིག་མ་ལག་གི་རིག་གནས་དྲ་ཚུགས་ཤིག་ཡིན་པ་རེད། མིག་སྔར་སྤྱོད་མཁན་རང་རྒྱལ་གྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་31ཏུ་ཡོད་པ་ཕུད། ད་དུང་ཨ་རི་དང་། དབྱིན་ཇི། རྒྱ་གར་སོགས་རྒྱལ་ཁབ་དང་ས་ཁུལ་44ལ་ཁྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།