འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་དང་བླངས་པས་ཕྱི་རྒྱལ་དུ་བརྩེ་སེམས་མཚོན་པར་བྱས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 13:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འཛམ་གླིང་གི་དང་བླངས་པའི་དཔུང་ཁག་ཁྲོད་ཀྲུང་གོའི་དང་བླངས་པའི་གྲངས་འབོར་དེ་བས་མང་དུ་འགྲོ་བཞིན་ཡོད་པ་དང་ཁོང་ཚོ་ཀྲུང་གོའི་རྒྱལ་ནང་ནས་ཡོང་བའི་རང་འགུལ་རྩ་འཛུགས་སམ་ཡང་ན་ས་གནས་དེ་གར་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་དང་ཕྱིར་སྡོད་རང་མི་ཧུར་ཐག་ཞུགས་པ་ཡིན་སྲིད་ལ་ཐོལ་བྱུང་དོན་རྐྱེན་གལ་ཆེན་ཁྲོད་ཀྱི་ཆེད་ལས་རོགས་སྐྱོར་ཡང་ཡིན་སྲིད། རོགས་སྐྱོར་བྱེད་དགོས་སྐབས་ཀྲུང་གོའི་དང་བླངས་པས་ནུས་ཤུགས་གང་ཡོད་བཏོན་ནས་ཀྲུང་གོ་བའི་བརྩེ་སེམས་མཚོན་པར་བྱེད་པ་མ་ཟད། ཀྲུང་གོའི་གཏམ་རྒྱུད་ཤོད་ཀྱི་ཡོད།
         ཐེ་ལན་གྱི་ཕྱི་ཁོངས་ཀྲུང་གོ་བའི་སློབ་གྲྭར་སློབ་སྐྱོར་དུ་བསྐྱོད་པ།
         ད་བར་མོང་ཞང་ཕུའུ་ཡིས་ཐེ་ལན་གྱི་ཏ་ཀུའུ་ཏི་ལ་སློབ་སྐྱོར་བྱས་པ་དེ་དག་ཡིད་ལ་ལྷང་ལྷང་དུ་དྲན་བཞིན་ཡོད། སྐབས་དེ་དུས་ཁོང་ནི་ཆིང་ཧྭ་སློབ་ཆེན་གྱི་སློབ་མ་ཡིན་པ་རེད།
         2014ལོར་སྔར་རྒྱུན་བཞིན་དབྱར་ཁའི་གུང་གསེང་རིང་མོང་ཞང་ཕུའུ་དང་ཁོང་གི་སློབ་གྲོགས་7པེ་ཅིང་བདེ་ཐང་ལྕགས་རི་རིང་པོའི་སྤྱི་ཕན་ཐེབས་རྩ་ལྷན་ཚོགས་ཀྱི་མ་དངུལ་རོགས་རམ་འོག་པེ་ཅིང་ནས་ཐེ་ལན་གྱི་ཏ་ཀུའུ་ཏི་ཕྱི་ཁོངས་ཀྲུང་གོ་བའི་སློབ་གྲྭ་སྟེ་སློབ་གསོ་ལས་དོན་པའི་མཉམ་ཚོགས་ཀྱི་མཐོ་རིམ་སློབ་འབྲིང་དུ་སློབ་སྐྱོར་བྱེད་པར་བསྐྱོད་ཡོད། ཏ་ཀུའུ་ཏི་ནི་ཐེ་ལན་བྱང་རྒྱུད་ཀྱི་ཕྱི་ཁོངས་ཀྲུང་གོ་བའི་གྲོང་ཚོ་ཆེ་ཤོས་ཤིག་ཡིན་པ་དང་དེ་གར་ཕྱི་ཁོངས་ཀྲུང་གོ་བ་ཁྲི་2ལྷག་ཙམ་སྡོད་ཀྱི་ཡོད། དེ་གར་ཕྲུ་གུ་ཚོས་རྒྱ་སྐད་ཤོད་པ་དང་རྒྱ་ཡིག་འབྲི་ཡི་ཡོད། ཉིན་མོ་ཐེ་ལན་གྱི་སྐད་ཡིག་སྦྱོང་བ་དང་མཚན་མོ་རྒྱའི་སྐད་ཡིག་སློབ་གྲྭར་རྒྱ་ཡིག་སློབ་སྦྱོང་བྱེད་པར་བསྐྱོད་པ་དེ་ཕྲུ་གུ་ཚོས་སློབ་གསོ་དང་ལེན་བྱེད་པའི་རྒྱུན་རྣམ་ཞིག་ཏུ་གྱུར་ཡོད། སློབ་གསོ་ལས་དོན་པའི་མཉམ་ཚོགས་ཀྱི་མཐོ་རིམ་སློབ་འབྲིང་འདི་2011ལོར་བཙུགས་པ་དང་དེ་ནི་ཀྲུང་གོའི་སློབ་གསོའི་སྒྲིག་གཞི་དང་འབྲེལ་མཐུད་བྱེད་སྔ་ཤོས་ཀྱི་ཕྱི་ཁོངས་ཀྲུང་གོ་བའི་སློབ་གྲྭ་ཞིག་ཡིན་པ་དང་དེའི་ནང་བུ་བཅོལ་ཁང་ནས་མཐོ་རིམ་སློབ་འབྲིང་ལོ་རིམ་གསུམ་པ་བར་གྱི་སློབ་ཚན་ཚུད་ཡོད་ལ་ཀྲུང་གོའི་སློབ་གཞི་སྤྱོད་ཀྱི་ཡོད་པ་རེད།
         སློབ་སྐྱོར་ཚོགས་པ་དང་བཅས་པས་སློབ་སྐྱོར་བྱེད་རིང་སློབ་གྲྭར་གཞོགས་འདེགས་བྱས་ནས་རྩིས་རྒྱག་འཕྲུལ་འཁོར་གྱི་སློབ་ཁང་བཙུགས་པ་མ་ཟད། ད་དུང་ཀྲུང་གོའི་དམངས་སྲོལ་དང་། སྲོལ་རྒྱུན་གྱི་ཟློས་གར། རང་རྒྱལ་གྱི་སྲོལ་རྒྱུན་རི་མོ། དམངས་ཁྲོད་ཀྱི་རོལ་མོ། ས་ཁམས་སོགས་ཁྱད་ལྡན་སློབ་ཚན་ཁྲིད་ཀྱི་ཡོད། དེས་མ་ཚད་ད་དུང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཞབས་བྲོ་དབྱང་ཀོའང་ཏ་ཀུའུ་ཏི་རུ་ཁྱབ་གདལ་བཏང་ཡོད།
         གྲོང་ཚོའི་ནང་ཀྲུང་གོའི་དང་བླངས་པ་སླེབས་པ།
         ཝུའུ་ཧའོ་རན་ནི་ཨོ་སི་ཁྲུ་ལི་ཡའི་མོར་པོན་སློབ་ཆེན་ལོ་རིམ་གསུམ་པའི་ཕྱི་རྒྱལ་དུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མ་ཞིག་ཡིན་ཞིང་། ན་ནིང་དགུན་ཁ་ཁོང་ཕོ་ལན་དུ་འོས་འགན་སློབ་སྐྱོར་དུ་བསྐྱོད་ཡོད།
         སློབ་སྐྱོར་བྱ་ཡུལ་ནི་གྲོང་ཚོ་ཞིག་ནང་ཡིན་པ་དང་དེ་གར་ཀྲུང་གོ་བ་ཧ་ཅང་ཉུང་ཉུང་རེད། ཝུའུ་ཧའོ་རན་ཐེངས་དང་པོ་མཐོང་མཁན་ཚོས་ཚེ་འདིར་མཐོང་མྱོང་བའི་ཀྲུང་གོ་བ་ཨང་དང་པོ་འདི་ཁྱེད་ཡིན་ཞེས་བརྗོད་ཀྱི་ཡོད་པར་བརྟེན་ཝུའུ་ཧའོ་རན་སྤོབས་པ་ཆེན་པོ་སྐྱེས་ཡོད།
         ཕོ་ལན་དུ་ཝུའུ་ཧའོ་རན་གྱིས་ཁོང་ཚོར་ཀྲུང་གོའི་གྲོང་གསེབ་སྐོར་བརྗོད་པ་དང་རྒྱ་ཡིག་སློབ་ཀྱི་ཡོད། གྲོང་ཚོའི་ནང་གི་སློབ་མ་ཚོར་རྒྱ་ཡིག་འབྲི་རྒྱུ་ནི་རི་མོ་འབྲི་བ་དང་གཉིས་སུ་མ་མཆིས་པའི་ཚོར་སྣང་བྱུང་ནས་དོན་སྙིང་ཟབ་མོ་ལྡན་པའི་བྱ་བ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད། ཁོང་ཚོས་སློབ་ཚན་གྲོལ་མ་ཐག་དཔེ་དེབ་མང་པོ་ཞིག་འཁྱེར་ཡོང་ནས་ཝུའུ་ཧའོ་རན་ལ་རྒྱ་ཡིག་འབྲི་རོགས་ཟེར་བ་མ་ཟད། རྒྱུན་དུ་ཁོང་ཚོའི་ནང་མི་ཡོངས་རྫོགས་ཀྱི་མིང་ཡང་འབྲི་རོགས་བྱེད་ཀྱི་ཡོད།
         ས་གནས་དེའི་ཁྱིམ་ཚང་དུ་གནས་ཚང་གཡར་བའི་རྐྱེན་གྱིས་ཝུའུ་ཧའོ་རན་དང་གྲོང་མི་ཚོའི་དབར་སྤེལ་རེས་མང་པོ་བྱུང་ཡོད། ཁོང་གི་གནས་ཚང་ལ་ཁྱིམ་མི་ལྔ་ཡོད་པ་དང་ཁྱིམ་གྱི་ཕ་དེ་ཀྲུང་གོར་དགའ་པོ་ཡོད་མཁན་ཞིག་ཡིན་པས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཅ་དངོས་མི་ཉུང་བ་ཞིག་ཉར་ཚགས་བྱས་ཡོད། ཉིན་ལྟར་དགོང་མོ་ཁྱིམ་གྱི་ཕ་དེས་ཝུའུ་ཧའོ་རན་དང་ཅི་འཕྲོས་མོལ་འཕྲོས་བྱས་ནས་ཡུན་རིང་བསྡད་དེ་ཀྲུང་གོའི་ད་ལྟའི་གནས་ཚུལ་སྐོར་སྐད་ཆ་དྲིས་ཀྱི་ཡོད། ཝུའུ་ཧའོ་རན་གྱིས་ཀྱང་མིག་སྔའི་ཀྲུང་གོའི་དོན་དངོས་མཚོན་པའི་བརྙན་ཐུང་ཁག་གཅིག་བསྟན་གྱི་ཡོད། སྤྲོ་སྣང་འཕེལ་བའི་སྐབས་སུ་ད་དུང་གནས་ཚང་གི་ཕས་ལྕགས་འབྲེལ་དབྱུག་གུའི་དབྱུག་རྩེད་རྩེ་ཡི་ཡོད།
         ཉེན་ཁ་འཕྲད་སྐབས་ཆེད་ལས་ཀྱི་རོགས་སྐྱོབ་བྱེད་པ།
         རྒྱལ་སྤྱིའི་གོད་ཆག་ཆེན་པོའི་ནང་ཀྲུང་གོའི་ཆེད་ལས་རོགས་སྐྱོབ་པས་རོགས་སྐྱོབ་ནང་ཞུགས་མང་དུ་ཕྱིན་ཡོད། 2015ལོར་ནེ་པ་ལར་ས་ཡོམ་དྲག་པོ་རྒྱག་སྐབས་ཀྲུང་གོའི་དམངས་ཁྲོད་ཀྱི་སྤྱི་ཕན་རྩ་འཛུགས་དགུང་སྔོན་རོགས་སྐྱོབ་རུ་ཁག་འཕྲལ་མ་ཉིད་དུ་གེགས་ཁུལ་དུ་རོགས་སྐྱོབ་ཏུ་བསྐྱོད་ཡོད། རོགས་སྐྱོབ་བྱེད་རིང་ཀ་ཏ་མན་རྡུ་ཡི་བསྐྲུན་དངོས་ལ་གནོད་འཚེ་ཚབས་ཆེན་བྱུང་བར་བསམ་གཞིག་བྱས་ནས་རོགས་སྐྱོབ་དཔུང་ཁག་གིས་མི་40ལས་གྲུབ་པའི་དཔུང་ཁག་ཁྲོད་བསྐྲུན་དངོས་གྲུབ་ཆའི་ཐད་ཀྱི་རིགས་གཅིག་མཁས་ཅན་བཀོད་སྒྲིག་བྱས་ཡོད། ཧི་མ་ལ་ཡའི་ལྷོ་འདབས་སུ་གནས་པའི་པོ་ཁ་ལའི་རི་འཛེགས་སྒར་སར་མི་མང་པོ་ལུས་ཡོད་སྟབས་རོགས་སྐྱོབ་བྱེད་པར་ཐད་འཕུར་གནམ་གྲུ་དགོས་པས་རོགས་སྐྱོབ་དཔུང་ཁག་གིས་ཐད་འཕུར་གནམ་གྲུ་གཏོང་མཁས་པའི་རུ་མི་4བཀོད་སྒྲིག་བྱས་ཡོད། ས་ཡོམ་དྲག་པོ་བརྒྱབ་པ་དེས་ས་གནས་ཀྱི་འགྲོ་ལམ་ལ་གནོད་འཚེ་ཚབས་ཆེན་ཕོག་པས་རོགས་སྐྱོབ་དཔུང་ཁག་གིས་ཆེད་མངགས་བྱེས་བགྲོད་རླངས་འཁོར་གཏོང་མཁས་པའི་རུ་མི་2འདེམས་མངགས་བྱས་ཡོད། སྒྲིག་ཆས་བཀོད་སྒྲིག་ཐད་རོགས་སྐྱོབ་དཔུང་ཁག་གིས་སྲོལ་རྒྱུན་གྱི་འཚོལ་ཆས་དང་། བསྐྲུན་དངོས་བཤིག་གཏོར་འཕྲུལ་ཆས། རི་མཐོའི་རོགས་སྐྱོབ་གྱོན་ཆས་སོགས་དམིགས་སའི་རང་བཞིན་ལྡན་པའི་འཕྲུལ་ཆས་དང་སྒྲིག་ཆས་འཁྱེར་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་ཀྲུང་གོའི་དམངས་ཁྲོད་ཀྱི་དང་བླངས་བ་སྔར་ལས་མང་བ་ཞིག་གིས་ཆེད་ལས་ཀྱི་གེགས་སྐྱོབ་སྦྱོང་བརྡར་ནང་ཞུགས་ཀྱི་ཡོད། དགུང་སྔོན་རོགས་སྐྱོབ་དཔུང་ཁག་གིས་ཚོགས་ཆུང་གཉིས་རི་པིན་གྱི་ཅིང་ཀང་དང་མིང་ཀུའུ་ཝུའུ་སོ་སོར་མངགས་གཏོང་བྱས་ནས་ས་གནས་དེའི་མེ་ཟོན་གེགས་སྐྱོབ་སྒྲིག་གཞིའི་ཉིན་16རིང་གི་ཆེད་ལས་སྦྱོང་བརྡར་ནང་ཞུགས་པ་དང་ས་ཡོམ་གྱི་རོགས་སྐྱོབ་དང་། རི་མཐོའི་རོགས་སྐྱོབ། གུ་དོག་པའི་བར་སྟོང་གི་རོགས་སྐྱོབ། ཆུ་རྒྱུན་དྲག་པོའི་རོགས་སྐྱོབ་སོགས་ལ་མཁོ་བའི་རྩལ་ནུས་སློབ་སྦྱོང་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།