འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ལྗང་མདོག་སྣོད་བཅུད་སྡོང་པོ་ལ་དབུལ་སྒྲོལ་འབྲས་བུ་སྨིན་པར་གཟིགས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 13:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བསོད་ནམས་དབང་འདུས་ཆུང་དུས་ལྷམ་ངོ་དྲག་པ་གཅིག་ཀྱང་གྱོན་རྒྱུ་མེད། “ལྷམ་རྩབ་རལ་མ་ཆགས་བར་གྱོན་པ་དང་རལ་རིམ་བཞིན་ཨ་ཕས་གཡག་གི་ལྤགས་པས་ལྷན་པ་བརྒྱབ་རྗེས་མཐར་ཀོ་ལྷམ་ཞིག་ཏུ་གྱུར་གྱི་ཡོད”ཅེས་བསོད་ནམས་དབང་འདུས་ཀྱིས་བསྟན་བཤིག་སློང་བའི་སྒོ་ནས་བཤད།
         ད་ཆ་ལོ་26ལ་སླེབས་པའི་བོད་རིགས་ཕོ་གསར་དེས་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་སེམས་ཀྱི་ཉི་ཟླ་གྲོང་རྡལ་དུ་ཟ་ཁང་དང་མགྲོན་ཁང་གཉེར་ཡོད་པས་ལོར་ཡོང་འབབ་སྒོར་ཁྲི་50ལྷག་ཙམ་ཡོང་གི་ཡོད་པ་རེད།
         སེམས་ཀྱི་ཉི་ཟླ་གྲོང་རྡལ་ནི་སི་ཁྲོན་དང་ཡུན་ནན་གྱི་འབྲེལ་མཚམས་སུ་གནས་པ་དང་འདི་གའི་ཡ་ཏིང་མཛེས་ལྗོངས་ཁུལ་གྱི་མཛེས་སྡུག་ལྡན་པའི་ལྗང་མདོག་སྣོད་བཅུད་ལས་སྐད་གྲགས་ཀུན་ཏུ་ཁྱབ་པ་དང་ཉེ་བའི་ལོ་ཤས་རིང་ཡུལ་སྐོར་བ་མང་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་བཞིན་ཡོད་པ་རེད། མི་འབོར་3000ཀྱང་ཟིན་གྱི་མེད་པ་དང་བོད་རིགས་གཙོ་བོར་བྱས་པའི་གྲོང་རྡལ་ཆུང་ངུ་དེས་ན་ནིང་ཟླ་བ་10པའི་རྒྱལ་སྟོན་གུང་གསེང་གི་ཉིན་7རིང་ཡུལ་སྐོར་བ་ཁྲི་5ལྷག་ཙམ་ལ་སྣེ་ལེན་ཞུས་ཡོད་པ་རེད།
         འདི་ནི་དཀར་མཛེས་ཀྲོའུ་ཡིས་ཐུན་མོང་མ་ཡིན་པའི་བོད་ཀྱི་རིག་གནས་དང་སྣོད་བཅུད་ཐོན་ཁུངས་ལ་བརྟེན་ནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་སྟེ་དབུལ་སྒྲོལ་ཕྱུག་འགྱུར་ཐུབ་པའི་མཚོན་བྱེད་ཙམ་ཞིག་རེད།
         དཀར་མཛེས་ཀྲོའུ་ནི་རང་རྒྱལ་གྱི་བོད་རིགས་མི་འབོར་མང་ཤོས་ས་ཁུལ་གྱི་གྲས་ཤིག་ཡིན་པ་དང་དེ་གར་བོད་ཀྱི་ལོ་རྒྱུས་སྙན་ངག་གི་དཔལ་བོ་གེ་སར་རྒྱལ་པོའི་ཕ་ཡུལ་རེད་ལ་ཇ་རྟ་གནའ་ལམ་གྱི་བརྒྱུད་ལམ་ཞིག་ཀྱང་རེད། རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་23དང་བརྗིད་ཆགས་ཡིད་ཏུ་འོང་བའི་གངས་རི་དང་། རྩྭ་ཐང་། མཚེའུ་བཅས་ཡོད་པས་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་རེད།
          ཡིན་ནའང་། དུས་ཡུན་རིང་པོའི་ནང་འགྲིམ་འགྲུལ་དང་། གནམ་གཤིས། ས་འབབ་མཐོ་བ་སོགས་རྒྱུ་རྐྱེན་དབང་གིས་ཡུལ་སྐོར་ཐོན་ཁུངས་དེ་དག་གིས་ས་གནས་དེ་གའི་མི་སེར་ཚོར་དངོས་ཕན་དེ་ཙམ་ཆེན་པོ་ཐོབ་མེད། མི་སེར་མང་པོ་ཞིག་ཕྱུགས་འཚོ་བ་དང་ནས་བཏབ་ནས་འཚོ་བ་བསྐྱལ་གྱི་ཡོད་པ་དང་དབྱར་དུས་སུ་ཤ་མོ་དང་དབྱར་རྩྭ་དགུན་འབུར་བརྟེན་ནས་འབབ་འཕར་ཡོང་བ་བྱེད་ཀྱི་ཡོད། ཡིན་ནའང་རང་བྱུང་གི་ཆ་རྐྱེན་དང་ཁྲོམ་རའི་གནས་ཚུལ་གྱི་ཤུགས་རྐྱེན་འོག་ཡོང་འབབ་བརྟན་པོ་མེད། 2015ལོའི་ལོ་མཇུག་བར་ས་གནས་དེ་གའི་མི་ཁྲི་20ལ་ཉེ་བའི་འཚོ་བ་སྔར་བཞིན་དབུལ་ཙམ་ཡོད།
         ས་གནས་དེ་གའི་དབུལ་པའི་གནད་དོན་ཐག་གཅོད་བྱེད་པའི་རྩ་བའི་ཐབས་ལམ་ནི་ཇི་ལྟར་བྱས་ནས་ཐོན་ཁུངས་ཡག་པོ་སྤྱད་དེ་འཕེལ་རྒྱས་ཁྲོད་གོམ་པ་སྤོ་རྒྱུ་དེ་ཡིན།
         དཀར་མཛེས་ཀྲོའུ་ཨུད་ཀྱི་ཧྲུའུ་ཅི་ལེའུ་ཁྲེང་མིང་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞིགས་ནས་ང་ཚོས་གྲོང་ཚོ་88དང་། དུད་ཚང་2571 མི་11565བཅས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་བའི་ཁྲོད་ཐད་ཀར་ཕན་པ་ཐོབ་པ་བྱས་ནས་དབུལ་ཞྭ་འབུད་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད་ཅེས་བཤད།
         འགྲིམ་འགྲུལ་དང་། འཕྲིན་གཏོང་། ཆུ་མཁོ་སྤྲོད། ཆུ་འབུད། བདེ་འཇགས་འགན་ལེན་སོགས་ཀྱི་ཐད་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་ཡིས་ལོ་ལྟར་སྒོར་དུང་ཕྱུར་བརྒྱ་ལྷག་ཙམ་བཏང་ནས་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ་དེའི་ནང་ན་ནིང་ཁོ་ནར་གྲོང་ཚོ་དབུལ་པོ་163ལ་མཁྲེགས་གྱུར་ལམ་འཛུགས་སྐྲུན་བྱས་ཡོད། སྲིད་གཞུང་གིས་ད་དུང་གྲོང་གསེབ་ཀྱི་ཡུལ་སྐོར་མཉམ་ལས་ཁང་ལ་གཙོ་གནད་ཐོག་རོགས་སྐྱོར་བྱས་ནས་ཡུལ་སྐོར་བར་དམིགས་པའི་ཞིང་འབྲོག་ཐོན་རྫས་དང་རིག་གནས་ཐོན་རྫས་གསར་སྤེལ་བྱེད་ཀྱི་ཡོད་པ་རེད།
         བོད་རིགས་ཀྱི་སྲོལ་རྒྱུན་ཁྱད་ཆོས་ལྡན་པའི་གྲོང་སྡེ་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་སྡེ་དགེ་པར་ཁང་བར་དཀར་མཛེས་བོད་རིགས་ཁུལ་དུ་ལོ་ལྟར་ཡུལ་སྐོར་བ་འབོར་ཆེན་ཡོང་གི་ཡོད། 2016ལོར་དཀར་མཛེས་ཀྲོའུ་ཡིས་ཡུལ་སྐོར་བ་མི་ཐེངས་ཁྲི་1300ལ་སྣེ་ལེན་ཞུས་ཡོད་པ་དང་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་129.74ཟིན་པ་དེ་2010ལོའི་ལྡབ་3དང་ལྡབ་4སོ་སོར་ཡིན་པ་རེད།
        གྲངས་གཞི་ལས་མངོན་པར་གཞིགས་ན། དཀར་མཛེས་ཀྲོའུ་གྲོང་གསེབ་ཀྱི་གྲོང་མི་མི་རེའི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་མང་དུ་ཕྱིན་ཏེ་ལོ་7བསྟུད་མར་སི་ཁྲོན་ཁོངས་ཀྱི་ཨང་དང་པོར་སླེབས་ནས་ན་ནིང་སྒོར་9451ཟིན་ཡོད་པ་རེད། ཀྲོའུ་ཡོངས་སུ་གྲོང་ཚོ་དབུལ་པོ་280ཡི་དུད་ཚང་8212དང་མི་33985དབུལ་སྒྲོལ་ཐུབ་ཡོད་པ་རེད།
        དཀར་མཛེས་ཀྲོའུ་ཡིས་དམིགས་ཚད་བཏོན་པ་སྟེ། 2018ལོར་སླེབས་སྐབས་ཀྲོའུ་ཡོངས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1608ལ་སྣེ་ལེན་ཞུ་རྒྱུ་དང་། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་164ཟིན་པ་བྱ་རྒྱུ། ཡུལ་སྐོར་ལས་རིགས་ཀྱི་གནས་ཐང་འཕར་མས་GDPནང་བཟུང་བའི་བསྡུར་ཚད་45%ཡན་ཟིན་པ་བྱ་རྒྱུ་བཅས་བྱས་ནས་སྐབས་དེ་དུས་མི་དབུལ་པོ་ཁྲི་20ཙམ་གྱི་ནང་ནས་མང་ཆེ་བ་བདེ་སྐྱིད་ལྡན་པའི་འཚོ་བ་བསྐྱལ་ཐུབ་པ་བྱ་རྒྱུ་དེ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།