འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱིན་ཇི་ནས“རྒྱ་ཡིག་སློབ་གསོའི་ཚ་རླབས”ཉམས་སུ་མྱོང་བ།

    —— རྒྱ་ཡིག་སློབ་ཁྲིད་ཁྱབ་གདལ་ཧུར་ཐག་གཏོང་མཁན་གྱི་དབྱིན་ཇིའི་པོའོ་ཧང་ཐེ་སློབ་འབྲིང་ལ་བཅར་འདྲི་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་26ཉིན། 13:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་དཔལ་འབྱོར་སྟོབས་ཤུགས་ཆེ་རུ་འགྲོ་བ་དང་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་བསྟུན་ནས་དབྱིན་ཇིར་རྒྱ་ཡིག་སྦྱོང་མཁན་ཇེ་མང་དུ་སོང་ཞིང་། གསར་འགོད་པ་ཉིན་ཤས་གོང་ཀྲུང་གོ་དཔེ་སྐྲུན་ཚོགས་པ་ཀུང་སིའི་དཔེ་དེབ་ཞལ་འདེབས་བྱེད་སྒོ་སྤེལ་བ་དང་མཉམ་དུ་ཧན་པུའུ་ཅུན་པོའོ་ཧང་ཐེ་སློབ་འབྲིང་དུ་སྐྱོད་སྐབས། ས་གནས་དེ་གའི“རྒྱ་ཡིག་སློབ་གསོའི་ཚ་རླབས”ཉིན་བཞིན་ཆེ་རུ་འགྲོ་བའི་ཚོར་སྣང་དངོས་སུ་མྱོང་ཐུབ་པ་བྱུང་།
         པོའོ་ཧང་ཐེ་སློབ་འབྲིང་དུ་བགྲང་བྱ་20གོང་ནས་རྒྱ་ཡིག་སློབ་ཀྱི་ཡོད་ཅིང་། 2010ལོར་པོའོ་ཧང་ཐེ་སློབ་འབྲིང་དེ་དབྱིན་ཇིའི་སློབ་ཁྲིད་ཀྱི་སྐད་ཡིག་གཉིས་པ་ནང་འདྲེན་བྱེད་མཁན་གྱི་སློབ་གྲྭ་དང་པོར་གྱུར་བ་དང་། རྒྱ་ཡིག་ནི་སློབ་གྲྭ་དེའི་སློབ་ཁྲིད་ཀྱི་སྐད་ཡིག་གཉིས་པ་གཙོ་བོའི་གྲས་སུ་གྱུར། སློབ་གྲྭ་དེའི་སློབ་སྤྱི་ཉིར·སི་ཐེ་ལོའོ་ཀེས་སློབ་ཁྲིད་བྱེད་ཐབས་དེ་གཙོ་ཁྲིད་ནང་འདྲེན་བྱེད་པའི་ནང་ཞུགས་ཤིང་། ཁོང་གིས། ན་གཞོན་ཚོའི་ངོས་ནས་བརྗོད་ན། རྒྱ་ཡིག་སྦྱོང་བའི་རྒྱུ་མཚན་ནི་སྐད་ཡིག་དེ་གལ་ཆེན་པོ་ཡིན་པ་མ་ཟད། ཀྲུང་གོའི་རིག་གནས་དེ་བས་གལ་འགངས་ཆེན་པོ་ཡོད་པས་རེད། སྐད་ཡིག་དང་རིག་གནས་གཉིས་ནི་གཅིག་ལ་གཅིག་བརྟེན་དང་ཁ་འབྲལ་ཐབས་མེད་ཅེས་བརྗོད།
         སློབ་གྲྭའི་རྒྱ་ཡིག་སློབ་ཁྲིད་སྐོར་གླེང་སྐབས། སི་ཐེ་ལོའོ་ཀེས་སེམས་འགུལ་ཐེབས་བཞིན་དུ་རྒྱ་ཡིག་སློབ་སྦྱོང་བྱེད་མཁན་སློབ་མས་གཟའ་འཁོར་རེར་རྒྱ་ཡིག་སློབ་ཚན་ཐེངས་ལྔ་ཉན་པ་དང་། ཨང་རྩིས་དང་། ཚན་རིག ལོ་རྒྱུས། སྒྱུ་རྩལ། ལུས་རྩལ་སོགས་སློབ་ཚན་ཚང་མ་རྒྱ་ཡིག་ནས་འཁྲིད་ཀྱི་ཡོད་པ་མ་ཟད། ཐ་ན་ཨང་རྩིས་སློབ་ཚན་ཐད་ཀྲུང་གོའི་སློབ་ཁྲིད་བྱ་ཐབས་སྤྱོད་ཀྱི་ཡོད་ཅེས་བརྗོད།
         “ངའི་བུ་མོ་སློབ་གྲྭ་འདིའི་ལོ་རིམ་བདུན་པར་སླེབས་ཡོད་པ་མ་ཟད། རྒྱ་ཡིག་གི་སྐད་ཡིག་གཉིས་པའི་སློབ་ཁྲིད་རྣམ་གྲངས་ནང་ཞུགས་པས་ཁོ་མོའི་རྒྱ་ཡིག་ཐད་ཡར་རྒྱས་ཆེན་པོ་བྱུང་བར་བུ་མོའི་ཨ་ཕ་ཡིན་པའི་ངོས་ནས་ང་རང་ཧང་སངས་བྱུང་། རང་ཉིད་ཀྱི་དམིགས་ཡུལ་ནི་རྨང་གཞིའི་རྒྱ་ཡིག་ཐོག་ནས་སྤེལ་རེས་བྱེད་ཐུབ་རེ་བྱེད་ཀྱི་ཡོད”ཅེས་སི་ཐེ་ལོའོ་ཀེས་བརྗོད།
         མིག་སྔར། པོའོ་ཧང་ཐེ་སློབ་འབྲིང་ལ་ཁྱོན་རྒྱ་ཡིག་དགེ་རྒན་9ཡོད་པས། དགེ་རྒན་གྱི་སྟོབས་ཤུགས་ཐད་དབྱིན་ཇིའི་སློབ་གྲྭ་ཁག་ལས་ཡག་གྲས་ཡིན། སློབ་གྲྭ་དེར་སློབ་མ་1600ལྷག་ཙམ་ཡོད་པ་ལས་སློབ་མ་500ཙམ་གྱིས་རྒྱ་ཡིག་སྦྱོང་གི་ཡོད་པ་རེད།
         པོའོ་ཧང་ཐེ་སློབ་འབྲིང་གིས་2013ལོར་ཁུང་ཙི་སློབ་གླིང་གི་རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་ཤིང་། གསར་འགོད་པ་བཅར་འདྲི་བྱེད་པར་སླེབས་སྐབས་སློབ་མ་ཚོས་དགེ་རྒན་གྱི་མཛུབ་ཁྲིད་འོག་འཚང་ཁ་ཤིག་ཤིག་ངང་གཏམ་བཤད་བྱེད་བཞིན་འདུག
         2015ལོར། པོའོ་ཧང་ཐེ་སློབ་འབྲིང་གིས་ཀྲུང་གོའི་སློབ་འབྲིང་དགེ་རྒན་5གདན་དྲངས་ནས་ཟླ་བ་གཅིག་རིང“ཀྲུང་གོའི་རྣམ་པའི་སློབ་ཁྲིད”བྱེད་དུ་བཅུག་རིང་། དབྱིན་ཇིའི་རླུང་འཕྲིན་ཀུང་སིས་རྗེས་སྙེགས་ཕབ་སྐྲུན་བྱས་པའི་ལེའུ་གསུམ་ཡོད་པའི་དངོས་བྲིས་གློག་བརྙན་《ང་ཚོའི་བུ་ཕྲུག་ཚོས་སྡུག་རུས་བྱེད་ཐུབ་བམ་》ཞེས་པ་བསྟན་པར་དབྱིན་ཇིའི་རྒྱལ་ནང་དུ་ཀྲུང་དབྱིན་སློབ་གསོའི་ཧེ་བག་སྐོར་གྱི་གྲོས་བསྡུར་བྱུང་བ་དང་ཆབས་ཅིག པོའོ་ཧང་ཐེ་སློབ་འབྲིང་ཡང་དེ་དང་བསྟུན་ནས་སྐད་གྲགས་ཆོད་པ་རེད།
         ལོན་ཏོན་དཔེ་དེབ་འགྲེམས་སྟོན་རིང་། ཀྲུང་གོ་དཔེ་སྐྲུན་ཚོགས་པ་པོའོ་ཧང་ཐེ་སློབ་འབྲིང་དུ་ཡོང་ནས་དེ་གར་རྒྱ་ཡིག་གི་བསླབ་གཞི་དང་། ཚིག་མཛོད། བྱིས་པའི་ཀློག་དེབ། ཀྲུང་གོའི་ལོ་རྒྱུས་རིག་གནས་སོགས་ཀྱི་དཔེ་དེབ་100ལྷག་ཙམ་སྤྲད་པ་མ་ཟད། ད་དུང་སུའེ་ཏེན་གྱི་རྒྱ་རིག་པ་མཁས་ཅན་ལིན་ཤིས་ལི་གདན་དྲངས་ནས“རྒྱ་ཡིག་གི་མཛེས་ཉམས”ཞེས་པའི་འཆད་ཁྲིད་ཅིག་ཀྱང་བྱས་པ་རེད།
         འདི་ནི་2016ལོའི་ཟླ་བཞི་པར་ཚོགས་པ་དེས་སློབ་གྲྭ་དེར་ཐེངས་དང་པོ་ཡོང་རྗེས་ཀྱི་ཐེངས་གཉིས་པ་ཡིན་ལ། ཀྲུང་གོ་དཔེ་སྐྲུན་ཚོགས་པ་ཀུང་སིའི་སྤྱི་ཁྱབ་གཞོན་པ་ཅང་ཅུན་གྱིས་སློབ་གྲྭ་དེའི་སློབ་མ་ཚོས་སློབ་ཁྲིད་ཐོན་ཁུངས་གསར་པར་བརྟེན་ནས“ཀྲུང་གོ་ཤེས་རྟོགས་སྔར་བས་མང་བ་བྱས་ཏེ་ཕྱིས་སུ་རྒྱ་རིག་པ་མཁས་ཅན་སྔར་ལས་མང་བ་ཐོན་ནས་ཀྲུང་དབྱིན་མཛའ་གྲོགས་ཀྱི་ཕོ་ཉར་འགྱུར”བའི་རེ་བ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།