འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ལྷོ་སུའུ་ཏན་དུ་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་
    གནམ་གྲུར་རོགས་སྐྱོབ་བྱེད་པའི་བྱ་སྤྱོད་ནང་ཞུགས་པར་བསྔགས་བརྗོད་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་24ཉིན། 14:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་21ཉིན། ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པའི་དམིགས་བསལ་འཐུས་མི་ཏའེ་ཝུའེ་་·ཤིས་ལེ་ཡིས་ཚེས་20ཉིན་ལྷོ་སུའུ་ཏན་དུ་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་དོན་རྐྱེན་ནང་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་རུ་ཆེན་སྐར་མ་བཅུའི་ནང་ཚུན་དུ་གནས་ཚུལ་ཐོན་ཡུལ་དུ་འབྱོར་ནས་དོན་རྐྱེན་ཁྲོད་ཀྱི་ཆེད་ལས་ཀྱི་རོགས་སྐྱོབ་སྟོབས་ཤུགས་ཨང་དང་པོར་གྱུར་པ་མ་ཟད་བྱ་སྤྱོད་སྤེལ་མགྱོགས་པོ་བྱུང་བ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པ་རེད།
         ཡུལ་དེའི་དུས་ཚོད་ཚེས་20ཉིན་གྱི་ཆུ་ཚོད་15དང་སྐར་མ་30ཙམ་ལ་ལྷོ་སུའུ་ཏན་གྱི་ཝ་ཝུའུ་གནམ་ཐང་དུ་འགྲུལ་སྐྱེལ་གནམ་གྲུ་ཆུང་གྲས་ཤིག་འབབ་སྐབས་འབར་གས་བྱུང་ནས་མེ་ཆེན་པོ་འབར་བའི་གནས་ཚུལ་ཐོན་ཡོད། ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པའི་གཡུལ་ཁུལ་ནུབ་མའི་སི་ལིང་པུའི་རོགས་སྐྱོབ་བཀའ་རྒྱ་འབྱོར་རྗེས་ལྷོ་སུའུ་ཏན་དུ་ཞི་བདེ་སྲུང་སྐྱོང་བྱེད་པར་སྐྱོད་མཁན་རང་རེའི་བཟོ་སྐྲུན་དམག་གི་རུ་ཆེན་ཁག་15པས་འཕྲལ་མ་ཉིད་དུ་འཕྲལ་སྡོམ་ཇུས་གཞི་བཟོས་པ་རེད།
         གནས་ཚུལ་ཐོན་ཡུལ་དུ་དུ་བ་ལྷོག་ལྷོག་ཏུ་འཕྱུར་བ་དང་མེ་ཆེན་པོ་འབར་བཞིན་ཡོད་པ་མ་ཟད། གནམ་གྲུའི་ནང་ནས་འབར་གས་ཀྱི་སྒྲ་ཟམ་མི་ཆད་པར་གྲགས་བཞིན་ཡོད། རང་རེའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་གི་ཡུལ་དངོས་ཀྱི་བཀོད་འདོམས་པས་དང་ཐོག་གནམ་ཐང་གི་ལག་རྩལ་མི་སྣ་དང་མཉམ་དུ་གནམ་གྲུར་འབར་གས་ཐེངས་གཉིས་པ་མི་ཡོང་བ་བྱས་པ་དང་དེ་རྗེས་རུ་ཆེན་གྱི་འགོ་ཁྲིད་ཀྱིས་ཆུ་ཟོམ་རླངས་འཁོར་ནང་གི་མཐོ་གནོན་ཆུ་མདའ་ནས་ཆུ་སྟོར་ཏེ་གནམ་གྲུའི་དྲོད་ཚད་གཅོག་རྒྱུ་ཐག་བཅད་ཀྱང་སྐབས་དེར་མཁའ་འགྲུལ་གྱི་སྣུམ་སྒམ་ནང་གི་སྣུམ་ལྷག་མར་མེ་ཆེན་པོ་འབར་བཞིན་ཡོད། ཡུལ་དངོས་སུ་རོགས་སྐྱོབ་ནང་ཞུགས་མཁན་ཀྲུང་གོའི་བཟོ་སྐྲུན་དམག་གིས་ཉེན་ཁར་མ་འཛེམས་པར་བབ་ལྷིང་གི་སྒོ་ནས་མཐོ་གནོན་ཆུ་མདའ་སྤྱད་དེ་མེ་གསོད་པའི་ལས་ཀའི་ནང་ཞུགས་པ་རེད། ཆུ་ཚོད་16དང་སྐར་མ་40ཙམ་གྱི་ཐོག་ནེ་པ་ལ་དང་བྷང་ག་ལའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་རོགས་སྐྱོབ་མི་སྣའི་ཕྱར་བ་གྲུ་འདེགས་འོག་ཆག་སྒོ་བྱུང་བའི་འགྲུལ་སྐྱེལ་གནམ་གྲུའི་མེ་མཐར་གསོད་ཐུབ་པ་བྱུང་བ་རེད། རོགས་སྐྱོབ་ནང་ཞུགས་མཁན་བྷང་ག་ལའི་ཞི་བདེ་སྲུང་སྐྱོང་དཔུང་སྡེའི་བཀོད་འདོམས་དཔོན་གྱིས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་རུ་ཆེན་གྱིས་བྱ་སྤྱོད་མགྱོགས་པོ་སྤེལ་བ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད་པས་ཀྲུང་གོའི་དམག་མིའི་དཔའ་མཛངས་རྟུལ་ཕོད་ཀྱི་བློ་སྟོབས་ལ་མི་རྣམས་ཀྱིས་ཡིད་སྨོན་བྱེད་པ་མ་ཟད། ད་རེས་ཀྱི་རོགས་སྐྱོབ་བྱ་སྤྱོད་ལས་ཀྲུང་གོའི་ཞི་བདེ་སྲུང་སྐྱོང་བཟོ་སྐྲུན་དམག་ནི་ཆེད་ལས་དང་། ནུས་ཆེ། ཕུལ་བྱུང་བཅས་ཀྱི་ཞི་བདེ་སྲུང་སྐྱོང་གི་དཔུང་སྡེ་ཞིག་ཡིན་པ་ར་སྤྲོད་བྱུང་བས་ལྷོ་སུའུ་ཏན་དུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཆེད་གཏོང་ཚོགས་པ་དང་ས་གནས་དེའི་མང་ཚོགས་ཚོས་ཡིད་ཆེས་བྱེད་འོས་པ་ཞིག་འདུག་ཅེས་བརྗོད་པ་རེད།
         ཡུལ་དེ་གའི་བདེ་འཇགས་སྡེ་ཚན་གྱིས་ཆག་སྒོ་བྱུང་བའི་གནམ་གྲུའི་ནང་འགྲུལ་པ་49ཡོད་པ་ཚང་མ་སྲོག་ཉེན་ལས་ཐར་བ་དང་དེའི་ནང་ནས་འགྲུལ་པ་37སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་བ་དང་། གནམ་གྲུའི་ཐོག་གི་ཀྲུང་གོ་ནས་ཡིན་པའི་འགྲུལ་པ་གཅིག་གི་ལག་གཡོན་མར་འཚིག་རྨས་ཕྲན་བུ་བྱུང་བ་ཕུད་གནས་ཚུལ་ཚབས་ཆེ་བ་ཐོན་མེད་པའི་ངོས་འཛིན་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།